ང་ལ་སེམས་ཁྲལ་ལྷག་མ་ཞིག་ཡོང་གིན་འདུག།
འོན་ཀྱང་ཚང་མས་མཐོང་བཞིན་པའི་འོས་མི་འདི་དག་ལ་ཡང་བཀའ་ཁྲིར་འོས་བབས་ཡོད་མེད་ཅི་རིགས་ཤིག་ཡོད་པ་ནི་དཔྱོད་ཤེས་ཀྱི་བསམ་བློ་ཅན་ཞིག་ཡིན་ན་ཟུར་བལྟས་ལེབ་མཐོང་ལྟར་བུ་རེད། སྤྱིར་འབྱུང་འགྱུར་གྱི་བཀའ་ཁྲི་དེ་ཇི་འདྲ་ཞིག་ཡོང་མིན་དང་དེ་ལ་ཁྱད་ཆོས་ཅི་འདྲ་ཞིག་ཚང་དགོས་མིན་གྱི་ཐད་ལ་ཀུན་ཁྱབ་ཀྱི་སེམས་ཁྲལ་ནི་ལྷན་སྐྱེས་ཀྱི་ཚོར་འདུ་རེད་ཟེར་ན་ཡང་མི་འགྲིག་པ་མེད་མོད། ད་དུང་ང་ལ་སེམས་ཁྲལ་ལྷག་མ་ཞིག་ཡོང་གི་འདུག ང་ཚོ་མི་མང་བྱིངས་ལ་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱོད་ཤེས་ཀྱི་རྣམ་དཔྱོད་དང་ཉམ་མྱོང་ཞན་ཁར་འགའ་རེས་འབྱུང་འགྱུར་གྱི་རྩ་དོན་ཟེར་བའི་གླུ་དབྱངས་སྙན་མོ་ཞིག་དང་ཀུན་ཁྱབ་སེམས་ཁུར་གྱི་གདོང་འབག་མཛེས་མོ་ཞིག་གི་འོག་ནས་ནང་ཁུལ་གྱི་རྩོད་རྙོག་ཕྲན་བུ་ཞིག་རྒྱལ་ཁ་ཐོབ་ཆེད་དང་གང་ཟག་གཅིག་གཉིས་ཤིག་གི་རྐུབ་སྟེགས་མི་ཤོར་བའི་ཆེད་དུཆབ་སྲིད་དང་གཡོ་རྒྱུའི་ཟློས་གར་གསོན་པོ་མི་ཉུང་བ་ཞིག་འཁྲབ་བཞིན་པ་འདིས་མི་མང་བྱིངས་ལ་མགོ་ སྐོར་ཐེབ་མི་ཡོང་ངམ་སྙམ་པའི་སེམས་ཁྲལ་ཞིག་ཡོང་གི་འདུག། འདི་ནི་ངའི་སེམས་ཁྲལ་ལྷག་མ་དེ་རེད།གང་ལྟར་ཡོང་ལ་ཉེ་བའི་བཀའ་ཁྲིའི་འོས་འཕེན་སྐབས་སྤྱང་གྲུང་དོད་པོའི་ངང་ནས་སྒེར་སོ་སོའི་འོས་ཤོག་གཅིག་པུ་ཆུད་ཟུས་སུ་མ་སོང་བ་བྱེད་དགོས་རྒྱུ་ནི་ཆེས་གལ་ཆེན་ཞིག་ཏུ་མཐོང་།དེ་ཡང་ འགའ་རེས་རང་གི་འོས་ཤོག་དེ་སུ་ལ་ལྡུག་མིན་ནི་རང་དབང་དུ་རློམས་པའི་རླན་རྟགས་ཤིག་གིས་གཏན་ནས་འོས་ཐུབ་མི་སྲིད་པ་དཔེར་ན་༼བཀྲིས༽ལྟ་བུར་ཞིག་ལ་ཤེས་བཞིན་དུ་འོས་འཕེན་བྱེད་པའི་སྔོན་རྟགས་ཤིག་དང་། ཡང་འགའ་རེས་དོན་དངོས་ཐོག་རང་གི་སེམས་གཏིང་གི་འོས་མི་དེ་དཔེར་ན་༼དོན་འགྲུབ་༽མིན་རུང་ནང་ཁུལ་རྩོད་རྙོག་ཀྱི་དྲི་ངན་ཞིག་གིས་གཟི་སྟེ་དེ་ལ་འོས་འཕེན་བྱེད་པའི་སྔོན་རྟགས་ཤིག་མངོན་བཞིན་ཡོད་པ་ནི་ད་ཆར་འོས་མིར་བཏོན་སྟངས་དང་འོས་མིར་ལངས་སྟངས་འདི་དག་གི་བྱེད་གཟུགས་ལས་དཔོག་ཐུབ་པ་ལྟར་བུ་རེད། གལ་ཏེ་དེ་ལྟར་བྱུང་ཚེ་རང་ཉིད་ཀྱི་འོས་ཤོག་ཆུད་ཟོས་སུ་སོང་བ་མ་ཟད་རང་ལ་ཡོད་པའི་རང་དབང་དེ་རང་ཉིད་ཀྱིས་བཅོམ་པ་དང་དམངས་གཙོའི་ཁེ་དབང་ལ་ལོངས་སུ་སྤྱོད་མ་ཤེས་པར་འདོད། འོ་ན་རང་གི་འོས་ཤོག་གཅིག་པུ་དེ་ཆུད་ཟོས་སུ་མ་སོང་བ་ཇི་ལྟར་བྱ་དགོས་སམ་སྙམ་ན་དང་ཐོག་རང་གི་འདེམས་བྱར་གྱུར་པའི་མི་དེ་མ་མཐར་ཡང་སྔོན་འགྲོའི་འོས་མིར་ཡོང་ཐུབ་པའི་གདེངས་སྤོབ་དང་ཚོད་དཔགས་བྱེད་ཐུབ་པའི་མི་བུ་ཞིག་ལ་ངེས་པར་དུ་རང་གི་འོས་ཤོག་དེ་བླུག་དགོས། ཡང་ཕྱོགས་གཞན་ཞིག་ནས་དྲང་བདེན་དང་ལྷག་བསམ་མ་ཡིན་པའི་ཐབས་ལམ་འདྲ་མིན་གྱི་སྒོ་ནས་སྐྱེ་བོ་ག་གེ་མོ་ ཞིག་བཀའ་ཁྲིའི་རྐུབ་སྟེགས་ལ་སྐྱེལ་ཐུབ་ཀྱང་དེ་ཙམ་གྱིས་ཕན་ཐོག་མི་ཡོང་བ་ཤེས་པའི་བློ་གྲོས་ཀྱི་མིག་འབྱེད་པའི་ ངང་ནས་རང་གི་འོས་ཤོག་དེ་དོན་དམ་དུ་བཀའ་ཁྲིར་འོས་བབས་ཡོད་པའི་མི་བུ་ཞིག་ལ་འོས་འཕེན་ཐུབ་ཚེ་རང་གི་ འོས་ཤོག་དེ་ཆུད་ཟོས་སུ་མ་སོང་པའམ་རང་ཉིད་ཀྱི་རང་དབང་དེ་རང་ཉིད་ཀྱིས་ལོངས་སུ་སྤྱོད་ཐུབ་པ་བྱུང་བ་མ་ཡིན་ནམ།