༧གོང་ས་མཆོག་ཕྱི་ཟླ་༡༢ པའི་ནང་འབྲས་ལྗོངས་སུ་ཕེབས་འཆར།

ཟླ་འདིའི་ཚེས་ ༦ རེས་གཟའ་ཟླ་བར་ཉིན་རེའི་གསར་འགྱུར་དང་དཔྱད་ཞིབ་ཅེས་པའི་གསར་འགྱུར་བརྒྱུད་ལམ་ནང་གནས་ཚུལ་ཐོན་གསལ་ལྟར་ན། ལོ་འདིའི་ཕྱི་ཟླ་༡༢ ནང་སྒང་ཏོག་ཏུ་རྟེན་གཞི་བྱས་པའི་རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་གིས་གོ་སྒྲིག་འོག་དེང་དུས་ཚན་རིག་ནས་བཤད་པའི་ཀླད་པའི་རྣམ་གཞག་དང། ཤར་ཕྱོགས་ཀྱི་སྲོལ་རྒྱུན་ནང་བཤད་པའི་སེམས་ཀྱི་རྣམ་གཞག་གཉིས་ཟུང་འབྲེལ་ཐོག་མིའི་བསམ་བློར་བསྒྱུར་བཅོས་ཇི་འདྲ་གཏོང་ཐུབ་མིན། ཞེས་པའི་བརྗོད་གཞིའི་ཐོག་ཉིན་བཞིའི་ཚོགས་འདུའི་ཚོགས་མགོན་དུ་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྒང་ཏོག་ཏུ་ཆིབས་སྒྱུར་བསྐྱང་གནང་མཛད་རྒྱུའི་བཀའ་བཞེས་བཟང་པོ་ཐོབ་པར་སི་ཀིམ་མངའ་སྡེའི་བློན་ཆེན་སྐུ་ཞབས་པཱ་ཝན་ཀུ་མཱར་ཅམ་ལིང་མཆོག་གིས་ཐུགས་རྗེ་ཆེ་ཞུས་ཡོད་འདུག

ཉིན་བཞིའི་ཚོགས་འདུའི་སྐབས་ཤེས་ཡོན་མི་སྣ་དང་ཚན་རིག་པ། ཆོས་ཕྱོགས་ཀྱི་དབུ་ཁྲིད་བཅས་མཉམ་ཞུགས་གནང་རྒྱུ་ཡིན་འདུག་ལ། རིང་མིན་སི་ཀིམ་མངའ་སྡེ་གཞུང་གི་གོ་སྒྲིག་འོག་མངའ་སྡེའི་ནང་རྟེན་གཞི་བྱས་པའི་སློབ་གྲྭ་དང་མཐོ་སློབ་ཁག་ཏུ་བཟང་སྤྱོད་དང་འབྲེལ་བའི་སློབ་ཚན་འཇོག་རྒྱུ་དང་སློབ་ཁྲིད་གནང་འཆར་ཡོད་སྐོར་རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་ནས་བརྗོད་ཡོད་འདུག །

{jcomments on}