ཉི་ཟེར་གྱི་མཇལ་འཛོམས་དང་པོ།
༈ ཉི་ཟེར་གྱི་ལྷན་འཛོམས།
རྟོག་སད་ཀྱི་ཨག་སྐད། 

༼མི་རིགས༽
འབའ་པ་སྐལ་བཟང་འཕྲིན་ལས།།
ལས་དབང་མུན་པའི་འོབས་སུ་བསྟིམས་ན་ཡང་།།
བསུབ་ཐབས་མེད་པའི་ཤ་རུས་སྦོམ་པོ་འདིས།།
ཁ་བའི་མིང་བྱང་དགུང་ལ་འདེགས་པའི་ཕྱིར།།
མི་རབས་གསར་པའི་དཔུང་འདི་ལངས་ནས་སོང་།།
འབའ་པ་འཆི་མེད་ཚེ་རིང་།
ལས་རླུང་དྲག་པོས་རྒྱབ་ནས་འདེད་དུས།།
འགན་འཁྲི་ལྕི་མོས་ས་མཐར་འབུད་དུས།།
གསུབ་ཐབས་མེད་པའི་རྨ་ཁ་དོད་དུས།།
གདོང་དམར་པ་ཡི་ངོ་རིས་གསལ་བྱུང་།།
བེ་རི་དཔལ་ལྡན་རྣམ་རྒྱལ།
ཁ་བའི་ལས་དབང་དཔའ་བོའི་དུར་སར་ཐིམ།།
སྐྱབས་བཅོལ་མིང་བྱང་ནག་པོ་ཐོད་དུ་བྲིས།།
ཡོད་ཚད་རྗེས་སུ་ལུས་པའི་གཤམ་འོག་ན།།
རུས་པ་མཁྲེགས་པོའི་དཀར་མདངས་ཡལ་མི་སྲིད།།
ལྩོག་རི་ཕུར་བུ་ཚེ་རིང་།
ལོ་རྒྱུས་གླེགས་བམ་བསུས་པའི་འགག་རྩ་དེར།།
རུལ་སུངས་དཔུང་པའི་ཁྲག་རྩ་མཐོར་བཏེགས་ནས།།
མདའ་ཁ་ནང་ལ་གཏད་པའི་སྔ་གཞུག་ཏུ།།
ཆག་སྒོ་ནག་པོའི་དུད་སྤྲིན་ཕ་ས་བསྒྲིབས།།
འཆམ་ར་དྲི་མེད་རྒྱལ་མཚན།
མི་རིགས་
གནམ་གྱི་གྲང་ཁར་ནས་ཟག་པའི་ཐིག་ལེ་ཞིག་
ས་ཆེན་དང་སྨག་ནག་འདྲེས་དུས་
འོད་དཀར་གྱིས་འཁྱུད་པའི་ཉི་མ་སེར་པོ་

༼རྩོམ་རིག༽
འབའ་པ་སྐལ་བཟང་།
རྡོ་ཆག་བཙན་བསྒྲིགས་ལྟ་བུའི་གཡང་ས་དང་།།
ཆུ་རྐྱང་ཕོར་གང་ལྟ་བུའི་རི་གཟར་ལས།།
བརྒལ་མཆོངས་རབ་རིབ་ཉམས་ལྡན་བཅད་ལྷུག་སོགས།།
ཁོ་བའི་ཉམས་སུ་བསྟར་བའི་རིང་ལུགས་ཡིན།།
འབའ་པ་འཆི་མེད།
ཨུ་ཚུགས་བཙན་པོས་སྙུག་གུ་བཟུང་ནས།།
ཚིགས་བཅད་དམ་དུམ་ཤོག་ངོས་དཔར་ནས།།
མི་རིགས་ཤིག་གི་བླ་སྲོག་འབོད་པའི།།
མི་འགྱུར་དམ་བཅའ་སྙིང་ལ་བཀོད་ཡོད།།
བེ་རི་དཔལ་ལྡན།
གནའ་བོའི་སྲོལ་རྒྱུན་རིག་པའི་རྨང་གཞི་སྟེང་།།
དབྱུག་པ་ཅན་གྱི་བཤད་པས་ལེགས་བརྒྱན་ཅིང་།།
འཇིགས་མེད་མཁས་པས་ལེགས་པར་བསྐྱེད་བསྲིངས་ཏེ།།
ཁོ་བོའི་རྩོམ་རིག་རི་མོ་མི་དམན་ཙམ།།
ལྕོག་རི་ཕུར་བུ།
ཕ་མའི་ཤུལ་བཞག་གཅུན་པའི་ཚོར་ཤུགས་ཀྱིས།།
དུས་ཀྱི་རགས་ཁ་རྒོལ་བའི་གདོང་ཁར་ཐོན།།
གདོང་གཤིས་དག་མོའི་རྒྱུད་པ་འཚོལ་བའི་སླད།།
རིགས་ལ་བཀལ་བའི་མིང་བྱང་སྐལ་བ་སྦྲུམ།།
འཆམ་ར་དྲི་མེད།
རྩོམ་རིགས་
གསེར་ནག་པོའི་སྒལ་ཚིགས་
མི་རིགས་ཀྱི་རུས་རྐང་དང་
སྐད་ཡིག་གི་ལྷུ་ཚིགས་ལ་ཐིམ་ན་
གཟིམ་མེད་ཀྱི་དཔལ་འབར་སྒྲོན་མེ་ཞིག་
༼མཇལ་འཛོམས།༽
འབའ་པ་སྐལ་བཟང།
ཐུན་མོང་སྣང་དུ་ཆོག་པའི་ལམ་སྣེ་ནས།།
ཕུགས་འདུན་ལྷན་དུ་འཚོལ་པའི་རིགས་གྲོགས་ཁྱུས།།
རང་སྙིང་ལག་པའི་རྩེ་ནས་བཏོན་བྱས་པའི།།
དོན་དམ་ལྷན་འཛོམས་འདི་ནི་དྲན་ཤིང་ཡིན།།
འབའ་པ་འཆི་མེད།
ལྕོགས་ཚོད་གཅིག་གིས་དྲ་ལམ་འགྲིམས་དུས།།
མཐུན་སྣང་གཅིག་འོག་གྲོགས་སུ་གྱུར་དུས།།
སྙིང་ཁམས་ཉེ་བའི་མཉམ་འཛོམས་བྱུང་དུས།།
མི་རབས་ཤིག་གི་རྐང་པ་འཛུགས་སོང་།།
བེ་རི་དཔལ་ལྡན།
ཁ་བས་དབེན་པའི་ལྷོ་མཐའི་གྲུ་ཁ་ན།།
རིགས་རུས་ཁྲག་གི་རྒྱུད་པ་ལྷན་འདྲེས་པའི།།
མགོ་ནག་མི་ཡི་རུས་འཆང་དཔུང་ཚོགས་ཤིག།
ལྷན་དུ་འཛོམས་འདི་དྲན་རྟེན་དངོས་ཡིན་སྙམ།།
ལྕོག་རི་ཕུར་བུ་།
ལས་དབང་དམུ་ཐག་ས་མཐའི་ཡུལ་ན་འཇུས།།
དུས་ཀྱི་གོམ་འདྲིས་འཚོ་བའི་གྲུ་ཁར་སྤོར།།
སྟོང་འདང་རྨི་ལམ་མངོན་པའི་ཕུགས་རེའི་ཆེད།།
སེམས་ཀྱི་འདུན་མ་གླེང་པའི་ངག་སྒོ་ཕྱེ།།
འཆམ་ར་དྲི་མེད།
རི་ལ་ཁ་བ་མེད་པའི་ས་མཐའ་ཞིག་ནས།།
རུས་རྐང་དམར་པོའི་མེ་ཡིས་ཞུ་བའི་དུས་ན།།
ཟུངས་ཁྲག་གཡས་སུ་འཁོར་བའི་ཕོ་རྒོད་ཁྱུ་ཞིག།།
རིགས་པའི་ཕོ་ཤེད་ངོམ་སྟེ་འདི་ན་འཛོམས་བྱུང་།།
༢༠༡༠་༩་༥་ཉིན་ང་ཚོ་རིགས་གྲོགས་ཁྱུ་ཞིག་ཉི་ཟེར་གྱི་མཇལ་འཛོམས་དང་པོ། གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་བྱུང་དུས། དྲན་པའི་འཁྲི་ཤིང་དང་། མཇལ་འཛོམས་ཀྱི་ལོ་རྒྱུས་ཤིག་ལ་དམིགས་ཁུལ་གྱིས་རིགས་གསུམ་གྱི་བརྗོད་བྱ་སྟེ། མི་རིགས་ཀྱི་ལས་དབང་། རྩོམ་རིགས་ཀྱི་ཁ་ཕྱོགས། མཇལ་འཛོམས་གྱི་མྱོང་ཚོར་བཅས་གླེང་བའི་དྲན་སྣང་ཐོར་བུ་ཞིག་ཕྱོགས་གཅིག་ཏུ་བཀོད་པ་ལགས་སོ།