ཆོས་དགེ་ལགས་ཀྱི་སྤྲོ་ཐུང་།
ཁོས་གང་བསམས་པ་དེ་བཤད་ཐུབ་ཅིང་ལྟ་གྲུབ་ཀྱི་ཐད་ནས་སུ་ལའང་འགག་སྒྲུབ་བྱེད་ཕོད། མཐའ་ན་སློབ་ཁྲིད་སྐབས་སུ་ཡང་ཁོས་དགེ་རྒན་ལ་ཁ་ཐུག་དགག་པ་བརྒྱབ་པ་དང་ཡོ་བསྲང་བྱས་པ་ནི་ཐེངས་རེ་གཉིས་ཙམ་ག་ལ་ཡིན། དེས་ན་ང་ཚོའི་སློབ་གྲྭའི་དགེ་རྒན་དུ་མ་ཞིག་ཁོ་ལ་སློབ་ཁྲིད་བྱ་རྒྱུར་མི་དགའ་ཞིང་ཁོའི་བྱེད་སྟངས་ལ་གཏན་ནས་མི་འཐད། འོན་ཀྱང་ཁོ་ནི་སློབ་གྲྭའི་ནང་གི་སློབ་སྦྱོང་ཡག་གྲས་ཤིག་ཡིན་པ་མ་ཚད་བདེན་དོན་གྱི་ཐད་ནས་སུ་ལའང་ཁ་གཏད་དུ་ལང་རྒྱུར་མི་སྐྲག་མཁན་ཞིག་ཡིན་སྟབས་དགེ་རྒན་ཚོས་ཁོ་ལ་བསྔགས་བརྗོད་ལས་མངོན་གསལ་གྱི་སྐྱོན་བརྗོད་ནི་ཕལ་ཆེར་བྱ་མཁན་མེད། ང་ནི་ཁོང་གཉིས་ལ་ཡིད་སྨོན་འཆོར་ཞིང་ཧ་ཅང་དགའ། ཕྱོགས་གང་ཐད་ནས་ངས་ཁོང་གཉིས་མི་དོ། ཁོང་གཉིས་ཀྱིས་ངའི་སློབ་སྦྱོང་ལ་རྟག་པར་སེམས་ཁུར་དང་གཞོགས་འདེབས་བྱེད། ངེད་གསུམ་གང་དུ་འཛོམས་པའི་དེར་དགའ་བའི་དགོད་སྒྲ་ཡོད། ངེད་གསུམ་ལག་གདང་སྦྲེལ་ནས་ཡར་མར་སྐྱོད། གཞན་ཚོས་ང་ཚོར་མཐུན་པ་སྤུན་གསུམ་ཞེས་འབོད། མི་སུ་ཡིན་ཀྱང་སོ་སོར་ལྟ་བ་རེ་ཡོད་པར་ངེས། འོན་ཀྱང་མི་མང་པོ་ཞིག་གིས་སོ་སོའི་ལྟ་བ་རྐང་འཛིན་མི་ཐུབ་པར་ཁྱིའུ་བཞིན་གཞན་གྱི་རྗེས་སུ་སྙེགས། ངའི་གྲོགས་པོ་གཉིས་ལའང་ལྟ་བ་རེ་ཡོད། མི་མཐུན་པའི་ལྟ་བ་རེ་ཡོད། ཁོང་གཉིས་ནི་སོ་སོའི་ལྟ་བ་རྐང་འཛིན་བྱེད་ནས་རྩོད་སྒྲུབ་བྱ་རྒྱུར་དགའ། དེས་ན་ལྟ་གྲུབ་ཀྱི་ཆ་ནས་བཤད་ན་ཁོང་གཉིས་ལ་ག་དུས་ཡིན་ན་འཁྲུག་ཆ་དོད་པའི་རྩོད་པ་ཞིག་ཡོད་ཡོད་པ་རེད། ཁོང་གཉིས་ཁ་རྩོད་བྱེད་སྐབས་རྒྱུས་མེད་གཅིག་གིས་བལྟས་ན་ཁོང་གཉིས་ལ་ཧ་ཅང་རྣོ་ངར་ཅན་གྱི་འགལ་ཟླ་ཞིག་ཡོད་པ་ལས་ཕན་ཚུན་བར་དུངས་བ་ཟབ་པའི་གྲོགས་པོ་ཡིན་པ་ནི་སྣང་བའི་ཡུལ་དུ་ཡང་འཁོར་མི་སྲིད། ངས་ཁོང་གཉིས་དུས་རྒྱུན་ནས་འདི་འདྲ་ཡིན་ལུགས་དང་ལྷག་པར་དུ་ཕན་ཚུན་བར་ཞེ་འཁོན་གང་ཡང་མེད་པ་མ་ཚད་ངན་སྨྲས་ཅི་འདྲ་ཞིག་ཤོད་རེས་བྱང་ཀྱང་སུ་གཅིག་གིས་ཡིད་འཇོག་བྱ་མི་སྲིད་ཅེས་འགྲེལ་བརྗོད་བྱས་ན་ཕལ་ཆེར་ང་ལ་ཡིད་ཆེད་བྱ་མཁན་ཞིག་རྙེད་དཀའ། གང་ལ་རྒྱབ་རྩ་མང་དེར་རྒྱལ་ཁ་ཡོད་པ་ནི་ཆོས་ཉིད་ཡིན་ཙང་དུས་རྒྱུན་ངེད་གསུམ་ལྷན་དུ་སྡོད་དུས་ཁོང་གཉིས་ཀྱི་ཁ་རྩོད་རྒྱལ་ཕམ་ཐག་མི་ཆོད་པའི་སྐབས་གཉིས་ཀས་ང་སོ་སོའི་རྒྱབ་རྩར་རེག་ཐབས་བྱེད། གལ་སྲིད་ངས་ཁོང་གཉིས་ལས་སུ་ལ་རྒྱབ་རྩ་བྱས་ན་གཞན་དེ་ཤོར་བ་རེད། འོན་ཀྱང་ཤོར་མཁན་དེ་ང་ལ་ཁྲོ་མི་སྲིད་པ་མ་ཚད། ཁོས་ ”ད་ཐེངས་ང་ལ་རྒྱབ་རྩ་མེད་པས་ང་ཤོར་སོང་། རྗེས་མ་ཁྱོད་ཀྱིས་ང་ལ་རྒྱབ་རོགས་བྱ་དགོས་ད་” ཞེས་ཁས་ལེན་བྱེད། དོན་དངོས་ཐོག་ཁོང་གཉིས་རྒྱལ་ཕམ་དེ་ཙམ་གྱིས་ཐག་ཆོད་དཀའ་ནའང་དེ་ནི་ངེད་གསུམ་ནང་ཁུལ་གྱི་དུས་རྒྱུན་འགྲོ་སྟངས་ཤིག་རེད། ད་ནི་ངས་ཀྱང་ཁོང་གཉིས་དང་ལྷན་དུ་ཁ་རྩོད་བྱེད། འོན་ཀྱང་ང་ལ་རྒྱལ་ཁ་ཨེ་སྟེར་ནི་ངའི་གྲོགས་པོ་གསུམ་པའི་ལག་ཏུ་ཡོད། ལྷན་སྐྱེས་ཀྱི་ཁོག་ཡངས་དང་ངང་རྒྱུན་རིང་བའི་ཁོ་གཉིས་ཀྱི་གཤིས་ཀ་ལ་ངས་ཡི་རང་བྱེད། སྨུག་པ་ཧ་ཅང་འཁྲིགས་ལ་གནམ་ཤེས་ཀྱང་གྲང་ངར་ཆེ་བའི་ཞོགས་པ་ཞིག རྒྱུན་ལྡན་ལྟར་ཚོགས་ཐེངས་གཉིས་པའི་གྲོལ་བརྡས་ཁུ་སིམ་པའིསློབ་གྲྭའི་ཁོར་ཡུག་ལ་བྲེལ་ཟིང་ཞིག་བསླངས་སོང། སྐར་མ་བཅོ་ལྔའི་རྗེས་ཀྱི་ཅུང་བརྡ་དེས་ངེད་ཚོ་སླར་ཡང་འཛིན་ཁང་དུ་བཅུག་ཅིང་རྒན་ལགས་ཀྱང་མགྲོན་འབོད་བྱས། ཆོས་དགེ་ལགས་ཀྱི་གདོང་ལ་འཛུམ་ཞིག་མངོན་བཞིན་འཛིན་གྲྭར་སླེབས། ངེད་ཚོས་ཁོོང་ལ་འཚམས་འདྲི་དང་གུས་བཏུད་ཞུས་ནས་སོ་སོའི་སྡོད་སརབསྡད་ཅིང་ཁོང་གིས་ཅི་ཞིག་སློབ་རྒྱུར་ཉོབ་སྣང་བྱས། ཁོང་གིས་བླ་མ། སྤྲུལ་སྐུ་ཞེས་མིང་ཚིག་གཉིས་ཤར་མར་ནག་སྤང་ཐོག་ཏུ་བྲིས་ནས་ངེད་ཚོར་འཁོར་ཏེ་འདི་གཉིས་ལ་ནང་དོན་ཁྱད་པར་ཡོད་དམ་མེད་ཅེས་དྲིས། སློབ་གྲོགས་ཤིག་ཡར་ལང་ནས་དེ་གཉིས་མིང་གི་རྣམ་གྲངས་རེད་ཅེས་ལན་བཏབ་སོང། རྒན་ལགས་ཀྱིས་དེ་འདྲ་རེད་དམ་ཞེས་ངའི་གྲོགས་པོ་ཀ་པར་དྲིས་སོང་བས་ཁོ་ཡར་ལངས་ནས་མ་རེད་ཅེས་ལན་བཏབ་སོང། བྱས་ན་དེ་གཉིས་ལ་ཁྱད་ཅི་ཞིག་ཡོད་དམ་ཞེས་ཆོས་དགེས་དྲིས། དེ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་དེ་བླ་མ་ནི་དྲིན་གྱི་སྒོ་ནས་ལྕི་བ་ཕ་མ་ལའང་བླ་མ་ཞེས་བརྗོད་ཆོག་ཀྱང་སྐྱབས་གནས་དཀོན་མཆོག་གི་ནང་ཚན་དུ་གྱུར་པའི་བླ་མ་ནི་སྐྱབས་གནས་ཀུན་འདུས་བླ་མ་རིན་པོ་ཆེ་ཞེས་གསུངས་པ་ལྟར་དཀོན་མཆོག་གསུམ་གྱི་ནང་སྐྱབས་གཙོ་བོ་དེ་ཡིན་ཞིང། སྤྲུལ་སྐུ་ནི་སྤྲུལ་པའི་སྐུའི་བསྡུས་མིང་དང་དེ་ནི་སངས་རྒྱས་ཀྱི་སྐུ་གསུམ་གྱི་བྱེ་བྲག་ཅིག་རེད། ཅེས་ལན་བཏབ་སོང། དེ་མ་ཐག་རྒན་ལགས་ཀྱིས་བླ་ཆེན་ཁག་གི་ཡང་སྲིད་དེ་དག་སྤྲུལ་སྐུ་དང་བླ་མ་མ་རེད་དམ་ཞེས་དྲིས་སོང་། ངའི་གྲོགས་པོ་ཀ་པས་ལན་མ་བཏབ་གོང་གྲོགས་པོ་ཁ་པ་ཡར་ལངས་ནས། རྒན་ལགས། དེ་ཚོ་མང་ཆེ་བ་སྤྲུལ་སྐུ་མ་རེད་ལ་ཡོན་ཏན་དང་བཀའ་དྲིན་གྱིས་ལྕི་བའི་བླ་མའང་དེ་བས་མ་རེད། དེ་ཚོ་ནི་བོད་པ་ཚང་གི་ལོ་རྒྱུས་ཀྱི་ནག་ཉེས་ཅན་ཤ་སྟག་རེད་ཅེས་ལན་བཏབ་སོང་བས་དེ་མ་ཐག་ཆོས་དགེ་ལགས་ཀྱི་བཞིན་རས་ནི་ནག་རོག་གེར་གྱུར་ཏེ། ཁྱོད་ཀྱི་ཤོད་ད། ཁོང་ཚོ་ལ་ནག་ཉེས་ག་རེ་ཡོད་རེད། ཁྱོད་ཀྱི་སྡུག་ཁ་དེ་བཟུང་ན་དགའ་བ་ཟེར་ནས་སྡིག་མཛུབ་གྲོགས་པོ་ཁ་པའི་གདོང་དུ་ཐད་ཀར་བཙུགས་སོང། ད་ནི་ཁྱོད་ཀྱི་ངའི་གྲོགས་པོ་ཁ་པའི་གཤིས་ཀར་རྒྱུས་ཡོད་ལྟར་ཁོས་དེ་མུར་མཚམས་ག་ལ་འཇོག རྒན་ལགས། ནག་ཉེས་སུ་ལ་ཡོད་ན་ཡོད་རེད་ཟེར་རྒྱུ་ལས་འདོམ་གྱི་མཚན་མ་བཞིན་སྦས་པ་ལ་དགོས་པ་དང་རྒྱུ་མཚན་ཅི་ཞིག་་་ཅེས་ཚིག་མཇུག་མ་རྫོགས་གོང་ཆོས་དགེ་ལགས་ཤིན་ཏུ་ཁྲོས་ནས། ཨ་ཕའི་རོ་ཁྱོད་ཀྱིིས་ང་ལ་ཡང་ཁ་ལན་སློག་ནས། ད་སློག སློག ད་ཁ་ལན་སློག་ཅེས། ངའི་གྲོགས་པོ་ཁ་པའི་སྐྲ་ནས་འཇུས་ཏེ་ངེད་ཚོའི་འཛིན་གྲྭའི་ནང་དུ་རེའུ་ཞིག་གླག་གིས་ཁྱེར་ཁྱེར་བྱས། ངོ་མ་ང་ནི་བློ་ཁོག་མེད་མཁན་ཞིག་སྟབས་སྐྲག་ནས་ད་ནི་ཅི་ཞིག་བྱ་དགོས་སམ་སྙམ་པ་ལས་རྒན་ལགས་ལ་ཞུ་བ་ཙམ་ཡང་འཐེན་མ་ཕོད། འཛིན་གྲོགས་གཞན་ཚོ་ཡང་སྐྲག་ཡོད་པ་འདྲ་ལ། བུ་མོ་འགའ་རེས་ངུ་འབོད་ཀྱང་བྱེད་ཀྱིན་འདུག་ཀྱང་ཆོས་དགེ་ལགས་ཀྱིས་མཚམས་འཇོག་མ་བྱས། ད་ནི་ས་ཐོག་དང་རྒན་ལགས་ཀྱི་སྦར་མོའི་བར་བཅས་ལ་གྲོགས་པོའི་སྐྲ་ལོ་ཡིས་ཁེངས་འདུག་ལ་སྣ་ཁུངས་ལས་ཀྱང་ཁྲག་དམར་ཛར་ཛར་བཞུར་ཡོང་གི་འདུག ས་སྒང་དུ་ཁྲག་དམར་ཤར་རེར་འཐོར་བ་དེས་ཆོས་དགེ་ལགས་ཅུང་ཟད་ཡིད་ཚིམས་པ་འདྲ་བྱས་ནས་འཛིན་གྲྭ་ལས་དོན་ནས་བུད་སོང། ཁོང་རང་སོང་ཤུལ་ན་ཉམ་ཆུང་གི་སློབ་མ་ངེད་ཚོས་གྲོགས་པོ་བཅོལ་ནས་ཁོ་ལ་ཆིག་ལབ་བྱེད་ཀྱིན་བསྡད།