རྒྱལ་ཡུམ་ཆེན་མོ་རྗེས་དྲན་གྱི་རྐང་རྩེད་སྤོ་ལོའི་རྩེད་འགྲན།

མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ལྷོ་སྤྱི་བཀྲིས་ཕུན་ཚོགས་ལགས་དང་། མེ་སོར་ས་གནས་ཁྲིམས་ཞིབ་པ་མཚོ་སྣ་ལྷག་པ་ལགས། སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་ས་གནས་འགོ་འཛིན་གཉིས་ཀྱིས་གཙོས་སློབ་གྲྭ་དང་། དགོན་སྡེ་ཁག་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ། མི་མང་སུམ་སྟོང་མ་ཟིན་འདུ་འཛོམས་བྱུང་ཡོད་པ་རེད། དེ་ཡང་ཐོག་མར་སྦེལ་ཀོབ་བོད་ཁྱིམ་སློབ་མའི་རྔ་རོལ་གྱི་བསུ་མ་དང་བཅས། ཕྱོགས་སོ་སོ་ནས་ཕེབས་པའི་རྐང་རྩེད་སྤོ་ལོའི་རུ་ཁག་རྣམས་རྩེད་ཐང་དུ་གདན་འདྲེན་གྱིས་རུ་སྒྲིག་བྱས་རྗེས། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་བླང་ཞིང་། བོད་རྒྱལ་ཁབ་མི་རིགས་ཀྱི་ཆེད་དུ་ལུས་སྲོག་བློས་གཏོང་བྱས་པའི་རྒྱལ་གཅེས་དབའ་བོ་ཕོ་མོ་རྣམས་དང་། དེ་བཞིན་ཉེ་ཆར་བོད་དང་ལ་དྭགས་ཁུལ་དུ་ས་ཡོམ་ཆུ་ལོག་གི་གནོད་འཚེའི་འོག་རྐྱེན་ལམ་དུ་གྱུར་པ་རྣམས་ལ་མྱ་ངན་གུས་འདུད་ཞུས་གྲུབ་པ་དང། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲུང་ཆེ་སྐུ་ཞབས་སྐལ་བཟང་ལགས་ཀྱིས་མཛད་སྒོ་ངོ་སྤྲོད་སྐབས། འཛམ་གླིང་ནང་གྲགས་ཅན་མི་སྣ་རྣམས་ལ་རྗེས་དྲན་ཆེད་རྩེད་མོ་རྩེ་སྲོལ་ཡོད་པ་ལྟར། ང་ཚོའི་རྐང་རྩེད་སྤོ་ལོ་འདི་ཡང་བཀའ་དྲིན་ཅན་གྱི་རྒྱལ་ཡུམ་ཆེད་མོའི་རྗེས་དྲན་ཆེད་ཡིན་པ་རེད། ཅེས་དང་། རྩེད་མོའི་དམིགས་ཡུལ་ནི་ཕྱོགས་སོ་སོའི་བོད་ཀྱི་གཞོན་སྐྱེས་རྣམས་ཀྱི་མཐུན་སྒྲིལ་ལ་དམིགས་ཡོད་པ་རེད། རྩེད་མོ་རྩེ་སྐབས་ཁྲིམས་མཐུན་ལུགས་མཐུན་གནང་དགོས་རེད། སོ་སོའི་དགའ་ཕྱོགས་ཤོར་པ་ཡིན་ནའང་། བགའ་བསུ་དང་བཅས་དང་ལེན་བྱེད་ཐུབ་པ་དགོས་རེད། ཅེས་གསུང་སོང་། སྐུ་མགྲོན་གཙོ་བོ་བཀྲིས་ཕུན་ཚོགས་ལགས་ཀྱིས་རྩེད་མོའི་སྒྲིག་འཛུགས་ཀྱི་ལས་རིམ་ཐོག་ནས་ཐག་བཅོད་བྱས་པར་ཚང་མས་བརྩི་བསྲུང་བྱེད་དགོས་པའི་འབོ་སྐུལ་ཞུས་སོང་། དེ་བཞིན་ལུགས་བསམ་གནས་འགོ་འཛིན་མགོན་པོ་བཀྲིས་ཀྱིས་ཀྱང་རྩེད་མོ་ཚོགས་པར་དགའ་བསུ་དང་འབྲེལ་བའི་གཏམ་བཤད་སྤེལ་རྗེས། སྦེལ་ཀོབ་གློ་ལ་ཐ་ལ་དང་ཁེ་ན་ཌའི་རྩེད་མོའི་རུ་ཁག་གཉིས་ཀྱི་བར་རྩེད་འདྲན་དངོས་སུ་འགོ་འཛུགས་བྱས་སོང་། ད་ཐེངས་ཀྱི་རྩེད་འདྲན་འདི་ཟླ་འདིའི་ཚེས་ ༩ ནས་ ༡༩ བར་ཡིན་པ་དང་། རྩེད་འདྲན་ནང་ཞུགས་མཁན་ཕྱོགས་སོ་སོ་ནས་ཕེབས་པའི་རུ་ཁག་ ༡༨ ཡོད་པ་དང་། རུ་ཁག་དེའི་ནང་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭའི་སློབ་མའི་རུ་ཁག་ཀྱང་མཉམ་ཞུགས་བྱས་ཡོད་པ་རེད། མེ་སོར་གསར་འགོད་པས།