ཁ་ཏྭས་རྣ་བར་གཟན་དུས་ཤིག


མཚེར་མའི་ཁེངས་པའི་རི་ལུང་མོག་པོར་སྦར་མོས་བཀག་པའི་ཐབས་འཕྲུལ་མཁས།།

སྤྲིན་ནག་འོག་གི་ཉི་འོད་སྨུག་པོར་ཤུགས་ཀྱིས་སྤོར་བའི་སྟོང་སེམས་འཆང་།།

ནར་ནར་ལྕེ་ལ་མདུད་པ་བརྒྱ་ཡིས་རེ་བའི་ཉི་མའི་འཛུམ་མདངས་བསུས།།

ལེབ་ལེབ་མིན་ལ་རིལ་རིལ་མིན་པའི་འཆར་གཞི་ཅན་གྱི་ གཡོ་འཕྲུལ་གཤམས །།

 

དཀར་དཀར་དུང་ལ་མཐོང་སྣང་ཞིག་གིས་སེར་པོའི་རང་མདངས་མངོན་ལ་ཐུ།།

ས་གཞི་སྣུམ་མོར་རྡོག་སྣེ་བྲུད་དེ་རང་དང་འགལ་བ་ལྟག་སྤྲོད་ཚོར།།

འཛམ་གླིང་ཡངས་པོར་མུན་པ་སེལ་བྱེད་རང་ཉིད་ཉི་མའི་འོད་དུ་བསམས།།

རང་གི་སྣང་བ་རླུང་ལ་སྤུར་བའི་སྒང་ཁའི་དར་གྱི་རང་གཤིས་ཤེས།།

 

རང་ལུས་སྐྱག་རྫོབ་སྐྱུག་དྲི་བྲོ་འདི་དཀར་འཇམ་དར་གྱིས་འཐོམས་སྒྲིལ་གཡོགས།།

རང་སེམས་འབྱུང་པོ་གདོན་གྱིས་ཟིན་ཡང་འཕྱ་སྨོད་ཚིག་གི་རྣོ་ངར་ངོམས།།

རང་སྣང་ཉི་མའི་འོད་དུ་འཚེར་ཞིང་མུན་པའི་གླིང་འདིར་སྟོན་མོ་ཆས།།

རང་ལུགས་དྲི་བྲལ་མཁའ་ལ་འཆར་བའི་དུང་ཟླ་དཀར་པོའི་རང་གཤིས་གསལ།།


དཀར་པོ་མིན་ལ་སེར་པོ་མིན་པའི་མི་མངོན་ཕྲ་བོའི་སེམས་ཀྱི་རེ།།

ཚོན་མདངས་པིར་གྱིས་བྲིས་སྟངས་མཁས་པའི་ཚོར་སྣང་སེམས་ཀྱི་རི་མོ་ཞིག།

སྣ་ཚོགས་ཚོན་གྱིས་སྒྲིག་སྦྱོར་ཞིག་གིས་མིག་ན་མཛེས་པའི་ལྟད་མོ་བསྐྲུན།།

ཡུན་ཙམ་གཤིབ་པའི་མཇལ་ཐེངས་ཤིག་གིས་རིན་བབ་ཁུག་མིན་ད་གཟོད་ཤེས།།


དཀར་ནག་ས་མཚམས་གྱེས་པའི་དུས་ཀྱི་ཉི་མ་ཕྱི་ཡི་སྔ་ཙ་ནས།།

ངན་སྨྲ་དབྱངས་རྟ་གླུ་རུ་གྱེར་པའི་ས་ཆེན་འགེངས་པས་རང་ཉིད་འདྲོགས།།

དགྲ་ཁ་ནག་པོ་ནང་དུ་བཀུག་པའི་དག་སྣང་འཁྲུལ་བའི་སྟག་གོན་བརྩམས།།

འདྲོགས་པའི་མཐའ་མ་ཁེར་རྐྱང་བུད་པའི་འཁྲབ་ཚན་ཐུང་ངུའི་ལྟད་མོ་གདའ།།

༢༠༡༠ ༩ ༩ ཉིན་དགོང་མོར་རང་ཤག་ཏུ།།