གངས་ལྷ་དགྱེས་པའི་འཛུམ་ཟེར།

ས་སྐྱོང་ཆེན་པོས་མགོན་སྐྱབས་ངས་མ་འཚོལ།

ཤ་འཁ ོན་གནག་པའི་སེམས་ཀྱང་བདག་ལ་མེད།

ལ་ཡོགས་ངན་འབྲས་སྨིན་པའི་ལས་མ་བསགས།

ར་ཀྵར་བགྲངས་པའི་དགེ་བ་བདག་ལ་མཆིས།

ཡ་ཐོགས་བསྐལ་པའི་འཇིག་རྟེན་ངས་མ་རྟོགས།

འ་མོ་ཉིད་ཀྱི་ཆོས་དོན་ངས་མི་ཤེས།

ཟ་རྒྱན་ཤོ་སྦག་རིགས་ཀྱང་ངས་མ་བརྩིས།

ཞ་འཐེང་སྐྱོང་པའི་བྱམས་སེམས་བདག་ལ་མཆིས།།

ཝ་ར་ཎ་སིའི་མཐོ་སློབ་ངས་མ་འགྲིམས།

ཛ་ལང་སྤྱོད་པས་ཁྲལ་བའི་ལས་མ་བྱས།

ཚ་འདེད་བུ་ལོན་སློང་མཁན་ང་ལ་མེད།

ཙ་རྟགས་སྤང་བླང་དག་ཆ་བདག་ལ་མཆིས།

མ་ཡིན་ཡིན་མདོག་གཡོ་འཕྲུལ་ངས་མི་ཤེས།

བ་གམ་ཁང་བཟང་བསྡད་པའི་རྒྱས་སྤྲོས་མེད།

ཕ་བླ་བཙོངས་པའི་ཞབས་འདྲེན་ངས་མ་ཞུས།

པ་ཊུ་མཁས་པའི་རྣམ་དཔྱོད་བདག་ལ་མཆིས།

ན་ཆུང་བུ་མོར་དགའ་རོག་ངས་མ་བསྒྲིགས།

ད་ཞག་ཕོ་མོའི་ལད་ཟློས་ངས་མ་བྱས།

ཐ་མ་ཁ་ཡི་ཉེས་པ་ངར་མ་གོས༌།

ཏ་ཐཱ་ག་ཏར་དད་པ་བདག་ལ་མཆིས།

ཉ་བསད་ཁྱི་སྟེར་སྡིག་ལས་ངས་མ་བྱས།

ཇ་ཁང་གཏམ་འཆལ་བཤད་པར་ངས་མ་སོང༌།

ཆ་སྒམ་མཆོད་བཤམ་གསེར་སྐུ་ངས་མ་བརྐུས།

ཅ་ཅོ་ལབ་གླེང་སྤངས་སེམས་བདག་ལ་མཆིས།

ང་མིན་སུ་ཡིན་སྤོབས་པ་བདག་ལ་མེད།

ག་ཆད་འུ་ཐུག་ངན་ལས་བདག་ལ་མེད།

ཁ་མཁས་འདྲ་ཆགས་བཤད་པའང་བདག་ལ་མེད།

ཀ་དག་སྙིང་རྗེ་སྦྱང་འདོད་བདག་ལ་མཆིས།

༢༠༠༨ ཟླ་ ཚེས་ ༢༩ དགོང་དྲོར།