ང་རང་མི་དགའ་ས་དང་བོད་མིའི་བླ་བཙོང་།

 

ཉེ་དུས་སུ་༧རྒྱལ་བ་རིན་པོ་ཆེ་ཚང་གིས་སྐུ་ངོས་སུ་ཨ་རིའི་གཞུང་ཚབ་ཁང་ལ་བོད་མི་རེ་ཟུང་གི་བྱས་ཉེས་ལ་བརྟེན་ནས་དགོངས་དག་ཁོང་གིས་བོད་མི་རིགས་ཀྱི་ཚབ་དུ་ཞུས་འདུག་པ་དེ་ཡི་སྐོར་ཡིན། ངས་སྔོན་ཆད་ནས་སྤུན་ཟླ་མི་ཉུང་བ་ཞིག་ལ་འདི་ལྟར་གླེང་མྱོང་ཡོད།

 

དེ་རིང་ངས་གང་གླེང་མྱོང་བ་དེ་དག་དྲ་ཐོག་ནས་གླེང་གི་ཡིན། དེ་ཡང་སྤུན་ཟླ་དག་གིས་ཤ་དང་རུས་པའི་གསེང་ནས་བསམ་བློ་བཏང་ནས་བསམ་ཚུལ་རེ་ཤོད། གནས་ལུགས་རེ་འཚོལ་རོགས། རྒྱུ་མཚན་ཐད་ཀར་ཡོད་ན་གསུང་རྒྱུ་མ་བརྗེད་ཅིག
དེ་ནི་ལོ་འགའི་སྔོན་ནས་བཟུང་། བྱེས་ཀྱི་གཙོ་བའི་བོད་ཀྱི་མི་རབས་གསར་བའི་སྙིང་ཁམས་སུ་ནད་ཚ་ཤུགས་ཆེན་པོ་ཞིག་བྱུང་ཡོད་པ་དེ་ཡིན། དེ་ནི་ཕྱི་རྒྱལ་ལ་འགྲོ་རྒྱུ་དེ་ཡིན། དེ་ཡི་ཆེད་དུ་ཐབས་ལམ་འདྲ་མིན་སྣ་ཚོགས་ཤིག་བསྟེན་བཞིན་ཡོད། དེ་དག་ལ་ཡང་རྒྱུ་མཚན་མང་བོ་ཞིག་ཡོད་ཀྱང་། གནད་འགག་གི་སྐབས་སུ་གླེང་བར་བྱ་བ་ནི། བོད་མི་རིགས་ཀྱི་ཚོགས་པ་དང་བོད་གཞུང་གི་མིང་ཐོག་ནས་སྒེར་གྱི་ཁ་ལྟོ་གཉེར་མཁན་དེ་ཡི་སྐོར་ཡིན།

 

དེ་ཡི་སྐོར་ལ་དྲང་མོ་ཞུས་པ་ཡིན་ན། མི་སྒེར་ཞིག་ཕྱི་རྒྱལ་དུ་འགྲོ་བ་དེ་ནི་སྒེར་དོན་ཞིག་རེད་ལ། སོང་ཡང་དེ་ལ་དོན་མེད་དུ་སྐྱོན་བརྗོད་བྱེད་ཁག་པོ་རེད། མི་རེ་ལ་གནས་ལུགས་རེ་དང་རྒྱུ་མཚན་རེ་ཡོད་པ་རེད། དེ་ལ་འགག་པ་མི་བྱེད་ལ། སྐྱོན་བརྗོད་ཀྱང་བྱེད་འདོད་གནས་སྐབས་རིང་མེད། འགྲོ་སྟངས་ཀྱི་ཐད་ནས་ངས་སྐྱོན་བརྗོད་བྱེད་འདོད་ཡོད། འགག་འདོད་འདུག དེ་ནི་ལོ་ངོ་ཁ་ཤས་ཀྱི་སྔོན་ནས་བཟུང་དེ། བོད་མི་ལྟོ་འདོད་ཆེན་པོའི་ནད་ཚ་དེ་དྲགས་བསྐྱེད་འགྲོ་རྒྱུ་ལས་སྡུག་དུ་ཕྱིན་པ་རེད།

 

བོད་གཞུང་གི་མིང་ཐོག་ནས་ཕྱི་བསྐྱོད་ལག་ཁྱེར་ཐོབ་ཐུབ་བྱེད་པ། ཐོབ་རྗེས་སུ་བོད་གཞུང་གི་མིང་ལས་རང་གི་ལྟོ་འདོད་ཆེ་བ།  དགོན་པའི་མིང་ཐོག  དེ་ནས་ཚོགས་པ་ག་གེ་མོའི་མིང་ཐོག་ནས་ཕྱི་བསྐྱོད་ལག་ཁྱེར་ཐོབ་རྗེས་སུ། ཚོགས་པ་སྐྱིད་སྡུག་གི་བརྟན་བརླིང་དང་། མ་འོངས་པའི་འབྲེལ་ལམ་ལ་འགན་མི་ལེན་པར་ངོ་ཚ་མེད་པར་སྤྲང་ཁྱི་བཞིན་བྲོས་འགྲོ་བ། ལྷག་པར་དུ་ཤེས་ཡོན་པའི་མིང་ཆེན་པོ་རེ་འཁུར་ནས་ཉེག་ཕྲ་བའི་དུས་འདིར་མི་རིགས་ཀྱི་བདེ་སྡུག་གི་མགྲིན་ཚབ་ཀྱི་སྟེགས་བུར་བསྡད་ནས་ལོ་མང་ཞབས་ཞུ་བྱས་ཀྱང་། མཐར་རང་ཉིད་ཀྱི་ཁེ་ཕན་ཕྲག་ཚེགས་ཤིག་གི་ཆེད་དུ་རྒྱལ་ཁབ་གཞན་དག་གིས་བོད་མིའི་ཤེས་ཡོན་པར་མཐོང་ཆེན་བྱེད་པའི་ལམ་ཁ་དེ་མེད་པར་བཟོ་བ། འདི་དག་གི་རིགས་ཡིན།

 

འདི་དག་ལ་ང་ཚོ་བོད་མི་དག་གིས་དོག་གཟོན་བྱེད་དགོས་པ་མ་ཟད། སྐྱོན་བརྗོད་ཀྱང་ཤུགས་ཆེན་བྱེད་དགོས་ལ། རྗེས་སུ་འདི་ཡི་རིགས་ལ་སླར་ཡང་གོ་སྐབས་གཏན་ནས་མི་སྤྲོད་པ་དང་། ཉེས་ཅན་དེ་ཡི་རིགས་རྗེས་སུ་བོད་མི་རིགས་ཀྱི་གནད་འགག་ཆེ་བའི་ལས་སྣེ་ཡི་རིགས་ལ་ཞུགས་པར་སྔོན་འགོག་བྱེད་དགོས།

 

སྤྱིར་ན། བོད་མི་དག་ཕྱི་རྒྱལ་དུ་འགྲོ་བའི་ནད་ཚ་འདི་ཚབ་ཆེན་པོ་ཆགས་ཡོད་སྟབས། དེ་ལ་ངོ་རྒོལ་བྱེད་པར་ཡང་ང་ལྟ་བུ་ཞིག་གིས་འཇོན་པ་མེད་ལ། སྐད་འགག་རེག་བར་དུ་བཤད་ཀྱང་གོ་མཁན་མེད་ངེས་ཡིན། འོན་ཀྱང་། མི་རིགས་ཀྱི་མིང་ཐོག་ནས་འགྲོ་བ་དང་། དགོན་པ་དང་ཚོགས་པ་སྐྱིད་སྡུག་གི་མིང་ཐོག་ནས་འགྲོ་བ་འདི་དག་དངོས་ནས་བསམ་བློ་གཏོང་རན་རེད།

 

སྒེར་དོན་དུ་ཕྱི་རྒྱལ་ལ་འགྲོ་ན་སོང་། ཡིན་ཡང་། བོད་མིའི་མིང་བཙོང་ནས་མ་འགྲོ  རང་གིས་དཀའ་སྤྱད་སྡུག་རུས་ལ་བསྟེན་ནས་སོང་། གཞན་གྱི་མཐུན་འབྲེལ་རོགས་རམ་ལ་བསྟེན་ནས་སོང་། མི་རིགས་ཀྱི་མིང་བརྫད་དེ་མ་འགྲོ  ཚོགས་པའི་འབྲེལ་ཐག་བཅད་དེ་མ་འགྲོ  རྒྱལ་བ་རིན་པོ་ཡི་དགོངས་དག་ཞུ་དགོས་པའི་ལས་ཀ་བྱོས་དེ་མ་འགྲོ  མཐའ་མཇུག་དུ། བོད་དོན་བྱེད་མི་ཐུབ་ཀྱང་། བོད་དོན་བྱེད་མཁན་གྱི་སྤུན་ཟླ་དག་གི་ཟམ་པ་མ་གཏོར་རོགས། མ་བཤིག་རོགས། ངས་ཁྱེད་ཅག་ལ་ཞུ་བ་བྱེད།

 

དངོས་ནས་ཁྱེད་ཅག་ཕྱི་རྒྱལ་དུ་འགྲོ་འདོད་ཡོད་ཀྱང་འགྲིག་གི་རེད། དེ་ནི་ཁྱེད་རང་གི་སྒེར་དོན་རེད། སོང་ན་ལོས་འགྲིག  འགྲོ་སྟངས་དེར་དངོས་གནས་ཐུགས་བསམ་ལེགས་པོ་ཞིག་བཞེས་ཤིག ཤ་ཁྲག་གི་འབྲེལ་བ་དམ་པའི་བོད་རིགས་སྤུན་ཟླ་ཚོ།