དུས་བབ་ཚགས་ཤོག་ནང་འདི་ལྟར་རྫུན་བཤད་འདུག
སྐབས་དེར་དགའ་ལྡན་ཁྲི་རིན་པོའི་དབུས་རིས་ཆོས་བརྒྱུད་ཁག་གི་བླ་ཆེན་དང་རང་གཞུང་གི་མཛད་གཙོ་རྣམ་པས་དབུས། སྐྱ་སེར་སྐུ་མགྲོན་མང་པོས་ཚོགས་ཆེན་འདུ་ཁང་ཆེན་མོ་ཡོངས་སུ་ཁེངས་པར་བྱས་པའི་དཀྱིལ་དུ། རྣམ་གླིང་མཁན་ཆེན་ཚེ་དབང་རྒྱལ་མཚོ་མཆོག་གིས་མཛད་རིམ་ངོ་སྤྲོད་གནང་བ་དང་། ༧གོང་ས་མཆོག་གིས་བཀའ་སློབ་རིན་པོ་ཆེ་ཕེབས་འགོ་ཚུགས།
དུས་སྐབས་དེར་གོང་ས་མཆོག་གིས་(རྣམ་གླིང་མཁན་ཆེན་པདྨ་ཤེས་རབ་ལ་ཞལ་ཕྱོགས་ཏེ)༼ངས་མཁན་པོ་ལ་འདི་ནས་མཛད་གྲྭ་ཐོན་རྗེས་གྲྭ་བ་ལོག་མཁན་འདུག་གམ་ཞེས་དྲིས་པ་ཡིན། ཁོང་གིས་རེ་ཟུང་རེ་ཟུང་ཡོང་གི་འདུག་ཅེས་གསུངས་སོང་༽ཞེས་པ་སོགས་ཀྱིས་མཚོན་ཞི་བར་གཤེགས་པ་༧སྐྱབས་རྗེ་༧གྲུབ་དབང་པདྨ་ནོར་བུའི་རླབས་ཆེན་གྱི་རྣམ་ཐར་གསུངས་ཞོར་དགོད་མོ་ཤོར་གནང་བ་དང་། རབ་བྱུང་གི་སྡེ་ལ་བསྔགས་ནས་དེ་ལ་བསྐུལ་མ་གནང་བ་སོགས་བྱུང་སོང་མོད།
དུས་བབ་ཚགས་ཤོག་སྤྱིའི་འདོན་ཐེངས་༤༩༥ པ། ཕྱི་ལོ་༢༠༡༠་༩་༡༠་ཉིན་བཏོན་པའི་ནང་། ༧གོང་ས་མཆོག་གི་བཀའ་སློབ་ཡིན་རློམ་གྱིས་དུས་བབ་རྩོམ་སྒྲིག་ལས་རོགས་དོན་འགྲུབ་བཀྲ་ཤིས་ལགས་ཀྱིས་འདི་འདྲ་ཞིག་ལུང་འདྲེན་གནང་འདུག ༼ངས་དེ་རིང་བརྩད་གཅོད་ཅིག་བྱས་པ་ཡིན། འདི་ནས་སློབ་སྦྱོང་ཐོན་ཏེ་གཞན་དུ་ཕྱིན་སྐབས་གྲྭ་བ་ལོག་མཁན་མང་པོ་འདུག་ཟེར། འགའ་རེ་ཡོང་རེད་དེ།༽ཞེས་བཀོད་གནང་འདུག་པས་དེ་དག་ལ་དམ་གཟབ་གནང་གལ་ཆེ་བའི་འབོད་བསྐུལ་དང་འབྲེལ། བོད་ཀྱི་སྤྱི་ཚོགས་ནང་མིང་གྲགས་གང་མཚམས་ཡོད་པའི་ཚགས་ཤོག་ཅིག་གི་རྩོམ་སྒྲིག་ལས་རོགས་པས་ཀྱང་འདི་ལྟར་དོན་ལ་ཧེ་བག་ཆེན་པོ་ཡོད་པའི་གནད་དོན་ཐད། ཐུགས་ཞིབ་ནན་པོ་དགོས་པ་ལས།
བོད་ཀྱི་སྤྱི་ཚོགས་ནང་གསར་འགྱུར་རིག་པའམ་གསར་འགོད་པའི་ལས་རིགས་དར་འཕེལ་འགྲོ་བཞིན་པའི་སྒང་འདིར་ཧམ་བཤད་དང་། ཐུགས་མཉམ་མ་བཞག་པའི་ལས་རིགས་ནི་ཡིད་ཕམ་དགོས་པ་ཞིག་དང་། བཀག་རྡོ་ཞིག་ཀྱང་རེད་ཅེས་ཞུ་འདོད་བྱུང་། དེ་བཞིན་བཀའ་སློབ་འདིའི་ཐད་ནས་ཀྱང་སྒྲ་ཐག་ཡང་སྐྱར་གསན་ཐུབ་ཀྱི་ཡོད་པ་བཞིན་ནོར་བསྐྱར་བཅོས་ཡོང་བ་ཞུ་བཅས་འཆམ་ར་དྲི་མེད་ཀྱིས་ཕུལ།