བཀའ་ཁྲིའི་དུས་ཡུན་ལ་འགྱུར་བ་གཏོང་ཐུབ་མ་སོང་།
བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བཀའ་བློན་ཁྲི་པར་མུ་མཐུད་ཟམ་གདོང་རིན་པོ་ཆེ་བཞུགས་དགོས་པའི་བསམ་ཚུལ་ཞིག་མང་ཚོགས་ནང་བྱུང་བར་བརྟེན། ཟླ་འདིའི་ཚེས་༡༦ ཉིན་གྱི་སྔ་དྲོའི་གྲོས་ཚོགས་ནང་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གི་གཙོ་སྐྱོང་འོག གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཤིག་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་གྱིས་སྒྲོགས་སྦྱང་གནང་བ་དང། རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་ཟླ་བ་ཚེ་རིང་གིས་བརྗོད་དོན། “བཅའ་ཁྲིམས་བསྐྱར་གཅོས་འདི་གནང་ན། ལྟ་བ་མེད་པ་དང་ལངས་ཕྱོགས་མེད་པ། མང་གཙོ་རྒྱབ་བཤིག་བརྒྱབ་པ་ལྟ་བུ་མཐོང་མ་སྲིད་པ་མ་རེད་མོད། རང་ཉིད་ཀྱིས་རྒྱབ་སྐྱོར་དགོས་དོན། མང་ཚོགས་ཀྱི་སྐུ་ཚབ་ཡིན་པས། མང་ཚོགས་ཀྱི་བསམ་ཚུལ་དང་མང་ཚོགས་ཀྱི་མངོན་འདོད་གཞིར་བཟུང་གྲོས་ཚོགས་ནང་སྐད་ཆ་བཤད་དགོས་པ་དང་ལས་ཀ་བྱེད་དགོས་པས། མང་ཚོགས་ནང་ང་ཚོའི་སྤྱི་ཚོགས་ཁྲོད་རྣམ་དཔྱོད་ཅན། བོད་བསྟན་པ་ཆབ་སྲིད་ལ་ཕུགས་རྒྱང་རིང་པོར་དགོངས་པ་བཞེས་ཐུབ་མཁན། ༧རྒྱལ་བ་རིན་པོ་ཆེའི་དགོངས་པ་དང་མཐུན་པའི་ཕྱག་ལས་གནང་ཐུབ་མཁན་ལ་གོ་སྐབས་མེད་པ་བཟོ་རྒྱུ་མི་འདུག་ཅེས་མང་ཚོགས་ནང་བསམ་ཚུལ་ཡོད་པས། དེའི་ཐོག་རྒྱབ་སྐྱོར་བྱེད་ཀྱི་ཡོད་”ཅེས་གསུངས་སོང།
དེ་རྗེས་ཁྲིམས་འཆར་དེ་ཡར་ཚུད་པ་ལ་སྤྱི་འཐུས་བསྟན་འཛིན་མགོན་པོས་དགག་པ་བྱས་དོན། “མང་གཙོའི་རྒྱལ་ཁབ་ཀྱི་སྲིད་འཛིན་དང་སྲིད་བློན་འདེམས་སྟངས་ལ་བལྟས་ན། ཡུན་ཚད་ཡོད་པ། སྐབས་གཉིས་ལས་བྱས་ཆོག་གི་མ་རེད་ཅེས་ཁྲིམས་ཡོད་མཁན་ཚོ། ཡར་རྒྱས་ཆེ་བ་དང། ལྐོག་ཟ་རུལ་སུངས་ཉུང་གི་རེད། ཡུན་ཚད་མེད་མཁན་ཚོའི་ནང་མང་གཙོར་ཁ་གཡར་ནས་མི་མང་ལ་ཕོགས་ཐུག་འགྲོ་བ་དང། ལྐོག་ཟ་རུལ་སུངས་མང་དུ་ཡོང་གི་རེད། དེ་བཞིན་བཙན་བྱོལ་སྤྱི་ཚོགས་མང་གཙོ་ཆགས་ནས་ལོ་ལྔ་བཅུ་འགྲོ་ཡི་ཡོད་པ་རེད་མོད། མང་གཙོའི་གོ་རྟོགས་ཤུགས་ཆེན་པོ་མེད་པ་མཐོང་གི་ཡོད། ༧སྐྱབས་མགོན་རིན་པོ་ཆེའི་བཀའ་དྲིན་འོག་མི་མང་གིས་འོས་ཤོག་འཕེན་ཐུབ་པ་ཙམ་ལས། གྲོས་ཚོགས་ནང་ཡིན་ནའང་རེད། བཀའ་ཤག་ནང་ཡིན་ནའང་རེད། གཞུང་གི་འགོ་ཁྲིད་ཅིག་གིས་ནོར་འཁྲུལ་ཤོར་ཡོང་སྐབས། མི་མང་གིས་འགོ་ཁྲིད་དེ་དགོངས་པ་ཞུ་འཇུག་རྒྱུའི་ནུས་པ་དེ་མི་འདུག དེར་བརྟེན་ཡུན་ཚད་དགོས་པ་རེད། མི་མང་གི་བསམ་ཚུལ་རེད་ཅེས་མི་མང་ལ་གནོད་བྱེད་ཅིག་ཁྱེར་ཡོང་ན་ཕན་ཐོགས་མེད་པས་དགག་པ་བརྒྱབ་པ་ཡིན་”ཞེས་གསུངས་སོང།
བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་ཆར་དེ་མང་མོས་ཀྱིས་ཚུད་པར་བརྟེན། མཐའ་མའི་གཏན་འབེབས་དགོས་མིན་སྐོར་ལ་བགྲོ་གླེང་འགོ་བཙུགས་པ་དང། བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་གསུང་དོན། “དེ་རིང་གི་ཁྲིམས་འཆར་འདི་ཚུད་པ་དེ་ང་ཚོའི་མང་གཙོའི་འཕེལ་རིམ་ནང་བསོད་ནམས་མེད་པ་འདྲ་ཞིག་རེད། ཚུད་ཀྱི་མ་རེད་བསམ་པའི་རེ་བ་ཡོད་ལ། ཡིད་ཆེས་ཡོད་མོད། ཚུད་པ་དེ་ཡ་མཚན་པོ་མཐོང་སོང། བཅའ་ཁྲིམས་ནང་ལས་ཡུན་གཉིས་བསྟུད་མར་བྱེད་བཞིན་པ་མ་ཡིན་པ་ཞེས་པ་དེ་བསམ་ཞིབ་མ་བྱས་པ་དང། ཧོལ་རྒྱུགས་ཀྱིས་བཅུག་པ་ཞིག་མ་རེད། བསམ་བློ་མང་པོ་བཏང། ཞིབ་འཇུག་མང་པོ་བྱས་ནས། དགོས་པ་དང་རྒྱུ་མཚན་ཡོད་པའི་ཐོག་ཆ་རྐྱེན་དེ་བཞག་པ་རེད། དེའི་ཐོག་སྔོན་མ་ནས་བགྲོ་གླེང་བྱུང་མ་མྱོང་བ་མ་རེད། མི་མང་གིས་བཀའ་ཁྲི་འོས་འདེམས་མ་བྱས་པའི་སྔོན་ནས། བཀའ་བློན་བསྟུད་མར་ཐེངས་གཉིས་ཞེས་པ་དེ་ཕྱིར་འཐེན་དགོས་སྐོར་བྱུང་བ་རེད། གྲོས་ཚོགས་ནང་དགོངས་ཚུལ་མ་མཐུན་པ་རེད། མ་མཐུན་པ་དེ་ཡང་དག་པ་རེད་བསམ་གྱི་འདུག བཅའ་ཁྲིམས་ལ་རྩ་བ་ཉིད་ནས་འགྱུར་བ་གཏོང་རྒྱུ་མེད་པ་ཞིག་མ་རེད་མོད། མང་གཙོའི་ལས་རིམ་ཞིག་གི་ཐོག་ནས་གཏོང་དགོས་ཀྱི་རེད། ང་རང་ཚོའི་བཅའ་ཁྲིམས་ལ་འགྱུར་བ་མང་པོ་ཕྱིན་ཡོད་པ་རེད། དེ་བཅའ་ཁྲིམས་ཀྱི་ཡོན་ཏན་རེད། མི་མང་གི་མངོན་འདོད་གལ་ཆེན་པོ་རེད་ལ། མི་མང་གིས་ཆེད་དུ་གཉེར་ནས་དགོངས་ཚུལ་བཏོན་པའི་སྐབས། དེ་ལ་ཚོར་སྣང་མེད་པའི་ཐོག་ནས་བཞུགས་ན་འགྲིག་གི་མ་རེད་མོད། ཐུགས་སྣང་གནང་སྟངས་ཡོད་པ་རེད། ད་ལྟ་བཅའ་ཁྲིམས་འདི་འགྱུར་བ་འགྲོ་བ་ལ་དོགས་པ་བྱེད་ཀྱི་མེད། བཅའ་ཁྲིམས་ལ་འགྱུར་བ་འགྲོ་དང་མ་འགྲོ་ད་ལྟ་བཀའ་བློན་ཁྲི་པའི་ལས་གནས་ཡོད་པའི་གང་ཟག་ལ་འགྱུར་བ་གང་ཡང་འགྲོ་ཡི་མ་རེད། གང་ཟག་དེའི་རང་དབང་ག་དུས་ཡིན་ནའང་རང་དབང་རེད། བཅའ་ཁྲིམས་ལ་འགྱུར་བ་བཏང་ནས་རང་དབང་འཕྲོག་པ་དང་། བཅའ་ཁྲིམས་འགྱུར་བ་མ་བཏང་ནས་འཕྲོག་ཐུབ་པ་ཞིག་གཉིས་ཀ་མེད་པ་རེད།
དེ་དང་འབྲེལ་བ་མེད་ནའང། ད་ལྟ་དབུས་སྤྱི་ཁྱབ་འོས་བསྡུ་ལྷན་ཁང་ནས་སྐབས་གསུམ་པའི་བཀའ་ཁྲི་དང། སྐབས་བཅོ་ལྔ་པའི་གྲོས་ཚོགས་ཀྱི་འོས་བསྡུའི་གསལ་བསྒྲགས་གནང་ཚར་བ་དང། མང་ཚོགས་ནང་ཚ་ཚ་འུར་འུང་ངང་འགྲོ་བཞིན་ཡོད་པའི་སྐབས་འདིར། བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཁྱེར་ཡོང་བ་དེ་ཁྲིམས་ཀྱི་དབང་བསྒྱུར་གྱི་ལྟ་གྲུབ་དང་མཐུན་གྱི་མི་འདུག ཕྱི་ཟླ་༣ པའི་ནང་ཁྱེར་ཡོང་ནའང། འཕྱི་དྲག་པ་རེད། ཡིན་ནའང་ཕྱི་ཟླ་༣ པའི་གྲོས་ཚོགས་སྐབས་འོས་བསྡུའི་ལས་རིམ་འགོ་བཙུགས་ཡོད་པ་མ་རེད། འོས་བསྡུའི་ལས་རིམ་འགོ་ཚུགས་པའི་རྗེས་སུ་གྲོས་འཆར་འདི་འདྲ་ཞིག་ཁྱེར་ཡོང་བ་དེ། མཚམས་རེ་ང་ཚོ་འུ་ཐུག་ནས། གྲོས་ཚོགས་ཀྱི་རྣམ་དཔྱོད་ཀྱི་ཤེས་རབ་ལ་ཡང་དོགས་པ་ཟ་རྒྱུ་དང། ཡིད་ཆེས་བརླག་རྒྱུའི་མཚམས་སུ་སླེབས་ཀྱི་འདུག ལྟ་གྲུབ་དང་ངེས་པ་རྙེད་པའི་གཞི་རྟེན་ལ་ཆ་འཇོག་མ་གནང་ནས། ལྷག་པ་རྒྱག་ཕྱོགས་ཀྱིས་མང་ཆེ་བས་མཚམས་རེ་ཡར་འཇོག་པ་དང། མཚམས་རེ་མ་འཐེན་པ་གནང་ན། གྲོས་ཚོགས་ཀྱི་ཆེ་མཐོང། དེ་བཞིན་མང་གཙོའི་འཕེལ་རིམ། ཁྱོན་ཡོངས་ནས་འགྲོ་སྟངས་དང་མ་མཐུན་པ་ཞིག་རེད། འཛིན་སྐྱོང་གི་བཀའ་བློན་ཚོར་ཁྲིམས་བཟོའི་འོས་ཤོག་འཕེན་རྒྱུའི་ཐོབ་ཐང་ཡོད་པ་མ་རེད་མོད། བསམ་ཚུལ་ཞུ་རྒྱུའི་ཐོབ་ཐང་བཅའ་ཁྲིམས་ནང་གསལ་ཡོད་པས། གྲོས་འཆར་འདིའི་ཐོག་བགྲོ་གླེང་གནང་བ་དེ་འོས་ཤིང་འཚམས་པ་མ་རེད། ཚུད་པ་དེ་ཡང་འོས་ཤིང་འཚམས་པ་མ་རེད་མོད། ཚུད་པ་རེད། ད་ལྟ་མཐུན་དང་མ་མཐུན་གྱིས་ཐག་གཅོད་གནང་ན་ཡག་ཤོས་རེད། བགྲོ་གླེང་གནང་ན། ཕན་ཐོགས་མེད་པའི་བགྲོ་གླེང་འདིའི་འཕྲོས་ནས། ཉིན་ཁ་ཤས་རིང་ལ་མི་ཚོར་བཤད་རྒྱུ་དང། འབྲི་རྒྱུ།རྩོད་རྒྱུ་མང་པོ་ཞིག་འཇོག་གི་རེད་མ་གཏོགས། མང་གཙོའི་འཕེལ་རིམ་ལ་ཕན་ཐོགས་ཡོད་པ་ཞིག་མ་རེད། ལྟ་གྲུབ་དང་རིག་པའི་གཞུང་ལུགས་ཀྱི་ཐོག་ནས་མ་ཡིན་པར། གང་ཟག་དང་གང་ཟག་གི་བར་གྱི་རྩོད་པ་ཆགས་རྒྱུའི་གནས་སྟངས་ཤིག་ཡོད་པ་རེད། གང་ཟང་དང་གང་ཟག་གི་བར་ཟེར་དུས་ད་ལྟ་སྙན་སེང་ཞུ་མཁན་གྱིས་རྩོད་པ་རྒྱག་གི་ཡིན་ཟེར་གྱི་ཡོད་པ་མ་རེད། ཡིན་ནའང་ད་ཐེངས་ཀྱི་འགྲོ་སྟངས་དེ་ཡག་པོ་ཆགས་མ་སོང། དེ་ལས་མགྱོགས་པོར་བསྡུ་གསོག་བྱས་ན་ཡག་པོ་རེད་”ཅེས་གསུངས་སོང་།
དེ་རྗེས་ཚོགས་གཙོས་བགྲོ་གླེང་མི་དགོས་པར། ལག་པ་བཀྱག་ནས་ཐག་གཅོད་གནང་རྒྱུ་ཡིན་ཞེས་གསུངས་སྐབས། སྤྱི་འཐུས་ཁག་ཅིག་གིས་བགྲོ་གླེང་དགོས་སྐོར་གསུངས་པ་དང། ཁག་ཅིག་གིས་མི་དགོས་སྐོར་གསུངས་པར་བརྟེན། ཚོགས་གཙོའི་ལས་རིམ་ལ་བསྒྱུར་བཅོས་བཏང་སྟེ། ལས་རིམ་ཚོགས་ཆུང་དུ་གོ་བསྡུར་བྱེད་རྒྱུ་ཡིན་ཞེས། ལས་རིམ་གཞན་པའི་ཐོག་ཏུ་བགྲོ་གླེང་བྱས་ཡོད་པ་རེད།
སྔ་དྲོའི་གསོལ་ཇའི་བར་གསེང་རྗེས་ནས། ཁྲིམས་འཆར་བསྐྱར་བཅོས་དེར་བགྲོ་གླེང་མི་དགོས་པ་ཐག་གཅོད་གནང་ནས། གྲོས་ཚོགས་ནང་ལག་པ་བཀྱག་ནས་ཐག་གཅོད་བྱེད་སྐབས་སྤི་འཐུས་༡༡ མ་གཏོགས་རྒྱབ་སྐྱོར་བྱེད་མ་ཐུབ་པ་རེད།།
{jcomments on}
