༧གོང་ས་མཆོག་ལ་ཧང་གྷ་རིའི་མི་སེར་ཕྱག་ཁྱེར་ཕུལ་བ།
ཟླ་འདིའི་ཚེས་༡༧ ཉིན་༧གོང་ས་མཆོག་ཧང་གྷ་རིའི་རྒྱལ་ས་བྷུ་ཌ་པེ་སི་རུ་ཞབས་སོར་འཁོད་སྐབས། གྲོང་ཁྱེར་དེའི་སྤྱི་ཁྱབ་པ་སྐུ་ཞབས་གྷ་བྷར་ཌེམ་སི་ཀི་མཆོག་གིས་གཙོས་ས་གནས་དེར་ཡོད་པའི་བོད་རིགས་དང་། སོག་རིགས། ཧང་གྷ་རིའི་ཡུལ་མི་བཅས་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བས་ཕེབས་བསུ་ཞུས་ཡོད་པ་རེད།
ཕྱི་ཚེས་༡༨ ཉིན་ཧང་གྷ་རིའི་རྒྱལ་ས་བྷུ་ཌ་པེ་སི་གྲོང་ཁྱེར་ཚོགས་ཁང་དུ་གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་གྷ་བྷར་ཊེམ་སི་ཀི་མཆོག་གིས་༧ གོང་ས་མཆོག་ལ་ཆེས་མཐོའི་མི་སེར་གྱི་ཕྱག་འཁྱེར་ཕུལ་ཞིང་། ཕྱག་ཁྱེར་དེའི་ནང་འཁོད་དོན། བོད་མིའི་དབུ་ཁྲིད་༸སྐྱབས་མགོན་བསྟན་འཛིན་རྒྱ་མཚོ་མཆོག་གིས་བོད་ཀྱི་ཆོས་དང་རིག་གཞུང་གཅེས་འཛིན་དང་། འཛམ་གླིང་འདིའི་སྟེང་འཚེ་མེད་ཞི་བདེའི་ཆེད་མཛད་འཕྲིན་རྒྱ་ཆེ་མཛད་པར་བྷུ་ཌ་པེ་སིའི་ཆེ་བསྟོད་མི་སེར་གྱི་ཕྱག་འཁྱེར་འདི་འབུལ་ལམ་ཞུ་རྒྱུ་ཡིན་ཞེས་བཀོད་ཡོད་འདུག
༸གོང་ས་མཆོག་གིས་མི་སེར་ཕྱག་ཁྱེར་སྐོར་བཀའ་སློབ་གནང་དོན། ང་རང་ལ་ཆེ་བསྟོད་མི་སེར་གྱི་ཕྱག་འཁྱེར་གནང་བར་དགའ་སྤོབས་ཆེན་པོ་བྱུང། ངོས་ལ་ཕྱག་ཁྱེར་འདི་ཐོབ་པར་དམིགས་བསལ་གྱི་གལ་གནད་ཅིག་ཆགས་ཡོད། གང་ཡིན་ཞེ་ན་དེ་སྔ་ཧང་གྷ་རིའི་མཁས་དབང་དང་བོད་པའི་སྐོར་སྲོལ་གཏོད་བྱེད་མཁན་ཨེ་ལེཀ་སེན་ཊར་སོ་མ་དྷེ་ཀོ་རོ་སི་ཁོང་གིས་དབྱིན་བོད་ཚིག་མཛོད་བརྩམས་ཏེ་འགྲེམས་སྤེལ་གནང་ཡོད་ཅེས་གསུངས་འདུག དེ་ཉིན་སྔ་དྲོ་༧གོང་ས་མཆོག་གིས་བྷུ་ཌ་པེ་སིའི་རྩེད་རའི་ནང་མི་མང་༡༡༠༠༠ བརྒལ་བ་ལ་ནང་ཆོས་ངོ་སྤྲོད་གནང་ཡོད་པ་དང། དེ་བཞིན་དྲ་རྒྱའི་ཐོག་ནས་ ༸གོང་ས་མཆོག་གི་གསུང་ཆོས་ཉན་མཁན་རྒྱལ་ཁབ་མི་འདྲ་བ་༧༤ ཙམ་གྱི་མི་མང་༨༠༠༠ ཙམ་བྱུང་ཡོད་འདུག
ཟླ་འདིའི་ཚེས་ ༡༩ ཉིན་༸གོང་ས་མཆོག་བྷུ་ཌ་པེ་སིར་ཉིན་གཉིས་རིང་གི་ཆོས་འབྲེལ་ཁག་ལེགས་པར་གྲུབ་ཡོད་པ་དང་། ༸གོང་ས་མཆོག་གིས་སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ་སྐབས། ཁྱེད་རང་ཚོ་སྒོམ་རྒྱག་སྐབས་བྱམས་སྙིང་རྗེ་དང་སེམས་བཟང་པོ་བྱེད་རྒྱུའི་ཐོག་བསམ་བློ་གཏོང་ཐབས་དང། འགྲོ་བ་མིའི་རིན་ཐང་དེ་དག་གོང་འཕེལ་གཏོང་ཐབས་བྱེད་དགོས་ཞེས་པ་སོགས་ཀྱི་བཀའ་སློབ་གནང་ཡོད་པ་རེད། ཉིན་རྒྱབ་མགོན་པོ་གང་ཉིད་མཆོག་གིས་བྱམས་བརྩེ་ནི་བདེ་སྐྱིད་བསྐྲུན་ཐབས་ཤིག་ཡིན་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་གནང་དོན། ཁོང་ཁྲོ་དང། དངངས་སྐྲག བློ་དོགས་སོགས་ཀྱིས་འགྲོ་བ་མིའི་འཆར་ཅན་གྱི་མི་ཚེའི་འགྲོ་སྟངས་ཁག་པོ་བཟོ་ཡི་ཡོད། གཞན་དོན་སྒྲུབ་པའི་ཚོར་བ་ཇི་ཙམ་གྱི་མང་བ་ཡོད་ན་དེ་ཙམ་གྱི་སོ་སོའི་འཕྲོད་བསྟེན་ལ་ལེགས་པ་དང་ཞི་བདེ་ཡོང་གི་ཡོད་པ་མ་ཟད། འགྲོ་བ་མིའི་རིན་ཐང་ཡང་གོང་སྤེལ་གཏོང་རྒྱུར་ཕན་ཐོགས་ཡོད་ཅེས་སོགས་གསུངས་ཡོད་པ་རེད།
དེ་བཞིན་༸གོང་ས་མཆོག་གིས་མང་ཚོགས་དང་དྲི་བ་དྲིས་ལན་གནང་བ་མ་ཟད། དེ་ཉིན་བྷུ་ཌ་པེ་སིར་རྟེན་གཞི་བྱས་པའི་རྒྱ་གར་དང། སོག་པོ། དེ་བཞིན་ཝི་ཨ་ནའི་གཞུང་ཚབ་བཅས་ཀྱིས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་ཡོད་འདུག ཐེངས་འདིའི་ཉིན་གཉིས་རིང་གསུང་ཆོས་ཀྱི་ཕྱག་ཁྱེར་༢༤༠༠ བརྒལ་བ་ཉོ་མཁན་བྱུང་ཡོད་པ་དང་། མི་གྲངས་༥༠༠༠ ལྷག་གིས་ཐད་ཀར་དྲ་རྒྱ་བརྒྱུད་དབྱིན་སྐད་དང། འཇར་མན། ཨུ་རུ་སུ། རོ་མ་ནི་ཡ། སོ་ལོ་ཝག ཧང་གྷ་རི་བཅས་ཀྱི་སྐད་ཡིག་ཐོག་ནས་གསུང་ཆོས་ཞུ་ཐུབ་པ་བྱུང་ཡོད་འདུག །
གནས་ཚུལ་དང་འདྲ་པར་ཡོང་ཁུངས་བོད་གཞུང་དྲ་བ་ཡིན།
{jcomments on}
