འཛིན་གྲྭ་དགུ་པའི་སློབ་མ་གཅིག་གྲོངས་ཤོར་སོང་ཟེར།

ཟླ་འདིའི་ཚེས་༢༡ ཉིན་འདི་གའི་གསར་འགོད་པས་དྷ་ཤོད་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་ཆོས་དབྱིངས་ལགས་སུ། དུས་གཅིག་ནང་གློ་བུར་དུ་སློབ་མ་འབོར་ཆེན་ལ་ན་ཚ་དེ་ལྟར་ཕོག་དོན་གང་ཡིན་ཞུས་པར། ཁོང་གིས། ཟླ་འདིའི་ཚེས་༡༩ ཉིན་གྱི་ཕྱི་དྲོར་ཆུ་ཚོད་གསུམ་ཙམ་དུ། སློབ་ཕྲུག་ཚ་བ་འཕར་མཁན་དང་བཤལ་མཁན་ནམ་རྒྱུན་ལས་མང་དུ་སོང་ཡོད་པས། ངས་སློབ་གྲྭའི་སྨན་ཁང་དུ་ལྟ་རྟོགས་བྱེད་པར་འགྲོ་སྐབས། སློབ་ཕྲུག་ནད་པ་ཁྱོན་༣༠ ཙམ་འབྱོར་འདུག ནད་པ་མང་པོ་ཞིག་ལ་ཚ་བ་འཕར་བ། མགོ་ན་བ། བཤལ་བ། སྐྱུག་པ་ཏོག་ཙམ་སྐྱུག་གི་འདུག སྐབས་དེར་སྔོན་འགོག་གི་སྨན་སོགས་སྤྲོད་རྒྱུ་གྲོས་བསྡུར་བྱས་པ་རེད།0099lower_tcv

ཚེས་༢༠ ཉིན་གྱི་ཞོགས་པ་སྨན་ཁང་དུ་འགྲོ་དུས་ནད་པའི་གྲངས་ཚད་མང་དུ་སོང་འདུག ཕལ་ཆེར་སློབ་མ་ནད་པ་དྲུག་ཅུ་བདུན་ཅུ་ཙམ་ཆགས་འདུག ང་ཚོས་དང་ཐོག་ན་ཚ་དེ་ཟས་དུག་ཡིན་ས་རེད་བསམ་ནས། ངས་སྨན་རྩིས་ཁང་གི་སྨན་པ་རྟ་མགྲིན་ལ་རིན་ཆེན་མང་སྦྱོར་གཏོང་རོགས་ཞུས་པས། ཁོང་གིས་ན་ཚ་ལ་བརྟག་དཔྱད་མ་བྱས་པར་སྨན་གང་བྱུང་གཏོང་ན་འགྲིག་གི་མ་རེད་ཟེར་ནས། དང་ཐོག་སྨན་པ་གཉིས་དང་དེ་རྗེས་སྨན་པ་གསུམ་བཅས་ཁྱོན་སྨན་པ་ལྔས། སློབ་གྲྭའི་ནང་ཡོད་པའི་ནད་པ་ཚོར་བརྟག་དཔྱད་ཆ་ཚང་གནང་ནས་རིན་ཆེན་མང་སྦྱོར་རེ་རེ་སྤྲད་པ་རེད།

 

ནད་པ་ཚོའི་ནང་ནས་གྲོད་ཁོག་ཤུགས་ཆེར་བཤལ་མཁན་གྲངས་བཅུ་བཞིའམ་བཅོ་ལྔ་ཙམ་འདུག དེ་ཚོར་དམིགས་བཀར་གྱི་སྨན་ཆུ་གཏོང་དགོས་པས་བོད་ཁྱིམ་གྱི་སྨན་པ་ཆུང་བདག་ལགས་གདན་འདྲེན་ཞུས་པ་ཡིན། ཁོང་གིས་ནད་པ་ཚོར་བརྟག་དཔྱད་ཆ་ཚང་བྱས་ནས་བཤལ་ནད་རེད་འདུག་ཅེས་གསུངས་ནས། བཤལ་ནད་འགོག་བྱེད་ཚ་དང་མངར་མོ་འདྲེས་པའི་ཆུ་དེ་གང་མང་མང་སྤྲོད་གསུངས་པ་བཞིན་སྤྲད་པ་རེད། དེ་ནས་སློབ་མ་མང་པོ་དྲག་པ་རེད། དེའི་ནང་གནས་སྟངས་སྐྱོ་བའི་སློབ་མ་༡༢ ལ་སྨན་ཁབ་ཆེ་བ་དེ་རྒྱོབས་གསུངས་པ་བཞིན་བརྒྱབ་པ་ཡིན། སྨན་པ་ཆུང་བདག་ལགས་ནང་དུ་ཕར་ཕེབས་སྐབས་དགོང་མོ་ཆུ་ཚོད་༩ པ་ཙམ་རེད།

 

གྲོངས་འགྲོ་མཁན་ལ་བསྟུད་མར་སྨན་ཁབ་ཆེ་བ་༢ བརྒྱབ་པ་རེད། དེ་ནས་ཚ་བ་འབར་ཤུགས་ཆེ་རུ་ཕྱིན་པ་དང་། དགོང་མོའི་ཆུ་ཚོད་༡༡ དང་ཕྱེད་ཀའི་ནང་བདེ་ལེགས་སྨན་ཁང་དུ་མྱུར་སྐྱོབ་ཀྱི་མཐུན་རྐྱེན་འཛོམས་པོ་ཡོད་པས་དེར་འཁྱེར་བ་དང། སྐབས་དེར་སྨན་ཁང་ཐག་རིང་པོའི་ནང་ཐད་ཀར་འཁྲིད་རྒྱུར་བློ་ཁོག་གིས་འདང་མ་སོང། བདེ་ལེགས་སྨན་ཁང་དུ་ཟས་དུག་གི་ཆུ་བཏོན་པ་སོགས་ཡོད་ཚད་གནང་སོང། སྨན་པས་དབུགས་སོགས་ཏག་ཏག་བསྡད་ཡོད་རུང། དྲན་ཤེས་དེ་བརྟན་པོ་དང་རྒྱུན་ལྡན་མིན་པས་སྨན་ཁང་ཆེ་ས་ཞིག་ལ་ཁྱེར་ན་གསུངས་བྱུང་བས། བདེ་ལེགས་སྨན་ཁང་གི་ཉེན་སྐྱོབ་རླངས་འཁོར་ནང་འཁྱེར་ཏེ་ཏྲན་ཌ་སྨན་ཁང་དུ་བསྐྱལ་བ་རེད།

 

སྨན་ཁང་དེའི་ནང་མྱུར་སྐྱོབ་ཀྱི་བྱེད་སྒོ་ཡོངས་རྫོགས་བེད་སྤྱད་པ་རེད་དེ། སྨན་པས་ཟས་དུག་ཡིན་ན་མྱུར་སྐྱོབ་ཀྱི་ཐབས་ལམ་འདིས་སྐྱོབ་ཐུབ་ཀྱི་རེད། བཏོན་དགོས་པ་ཚང་མ་བཏོན་ཚར་བ་ཡིན། ན་ཚ་གང་ཡིན་ཏག་ཏག་བརྗོད་ཐུབ་ཀྱི་མི་འདུག ཡིན་ནའང་ན་ཚ་ལྗིད་པོ་འདུག་ཅེས་གསུངས་བྱུང། དེ་ནས་ང་ཚོས་ནད་པའི་འབྲེལ་ཡོད་དང་ནང་མི་ཚོར་འབྲེལ་བ་བྱས་པ་ཡིན། ། མཐར་བུ་བསྟན་འཛིན་དབྱིངས་གསལ་མྱུར་སྐྱོབ་མ་ཐུབ་པའི་གནས་ཚུལ་འདི་བྱུང་བ་རེད།

 

ན་ཚ་འདི་ཐུག་པ་རྙིང་པ་དང་སྒོ་ང་སོགས་བཏང་ནས་བྱུང་བ་རེད་ཟེར་གྱི་འདུག་པས་བདེན་པ་ཡིན་ནམ་ཞུས་པར། ཁོང་གིས། ཉིན་གྲངས་གཉིས་དང་གསུམ་སོང་ཟིན་པའི་ཟས་རྙིང་པ་སྤྲད་ནས་བྱུང་བ་རེད་ཟེར་བ་དེ། ངས་རྩ་བ་ཉིད་ནས་བདེན་པ་མ་རེད་ཅེས་ཞུ་ཐུབ་ཀྱི་ཡོད། ང་ཚོས་ཞོགས་པ་ཐུག་པ་གྲ་སྒྲིག་བྱས། ཕྱི་དྲོ་ཆུ་ཚོད་༥ ཐོག་བཟོས། ཆུ་ཚོད་༧ ཐོག་གཏོང་གི་ཡོད་རེད། ཐུག་པ་དེའི་ནང་བརྒྱབ་པའི་སྒོ་ང་དེའི་ཐོག་ནས་ནད་རྐྱེན་བྱུང་ཡོད་མེད་ང་ཚོས་དམིགས་བསལ་གྱིས་ཞུ་ཐུབ་ཀྱི་མི་འདུག ང་ཚོའི་ཐོག་མའི་དོགས་གཞི་དེ་དེ་འདྲའི་རིགས་ཀྱིས་རྐྱེན་ཡོད་ས་རེད་བསམ་ནས། དང་ཐོག་བོད་སྨན་བསྟན་པ་སོགས་བྱས་པ་རེད། ད་ལྟའི་སྐབས་ནད་པ་འགའ་བདེ་ལེགས་སྨན་ཁང་དུ་ཡོད་རེད། བདེ་ལེགས་སྨན་ཁང་གི་སྨན་པས་ཞིབ་འཇུག་གི་ཐོག་ནས། ན་ཚའི་རྒྱུ་རྐྱེན་དེ་ཤེས་རྟོགས་བྱུང་བ་ཡིན་ན་དེ་ག་རང་ངོས་འཛིན་བྱེད་རྒྱུ་ཆགས་ཡོད་པ་རེད།

 

ཟླ་འདིའི་ཚེས་༢༠ ཉིན་གྱི་དགོང་མོ་ནས་འཛིན་གྲྭ་འཚོག་མཚམས་བཞག་པ་རེད་ཟེར་གྱི་འདུག དུས་ཚོད་ཇི་ཙམ་བར་ཚོགས་མཚམས་བཞག་འཆར་ཡོད་དམ། སྤྱིར་བཏང་ཚོགས་མཚམས་བཞག་མེད། སློབ་མ་གཅིག་རྐྱེན་ལམ་དུ་སོང་བ་དང་ཕ་མ་ཚོ་འདྲོགས་ནས། སློབ་གྲྭར་ཡོང་སྟེ་ཕྲུ་གུ་སྨན་བཅོས་དང་བརྟག་དཔྱད་ཀྱི་ཆེད་དུ་འཁྲིད་ཀྱི་ཡིན་གསུང་སྐབས། ང་ཚོས་བཀག་པ་ཡིན་ན་ཏག་ཏག་བསྡད་ཀྱི་མི་འདུག་ཟེར་ནས་བཏང་བ་རེད། ད་ལྟའི་སྐབས་དགེ་རྒན་དང་ལས་བྱེད་སོགས་ལས་བགོས་བརྒྱབ་ནས་ཡར་མར་འགྲོ་ཡི་ཡོད། ཟླ་འདིའི་ཚེས་༢༤ ཉིན་ནས་ང་ཚོས་འཛིན་གྲྭ་འཚོག་གི་ཡིན། ད་དུང་མི་མང་ལ་ཞུ་དགོས་པ་ཞིག་ནི། ང་ཚོ་འཛིན་སྐྱོང་གི་ངོས་ནས་སློབ་གྲྭ་འཚོག་ཐུབ་པ་དང་འཚོག་མི་བདེ་བའི་གནས་སྟངས་ཡོད་མ་རེད། ནད་པ་ཡིན་ནའང་ཚང་མ་དྲག་ཡོད། གཙོ་བོ་ཕ་མ་ཚོའི་འདོད་པ་བཞིན་ཕྲུ་གུ་ཚོར་དགོངས་པ་སྤྲད་པ་རེད་མ་གཏོགས་གཞན་འཚོག་མི་ཐུབ་པའི་གནས་སྟངས་གང་ཡང་མེད་ཅེས་ཞུ་རྒྱུ་ཡིན།།

{jcomments on}