གསུབ་མེད་ཀྱི་རྡོ་རིང་ནག་པོ།།
གནའ་བོའི་རིག་གཞུང་སྐྱོ་བའི་མལ་དུ་གཟིམ།།
རིན་ཆེན་གཏེར་གྱི་ནང་ཁྲོལ་ཁྲོམ་ལ་སྒྲོན།།
མཁར་ཤུལ་སྟོང་གི་ཕ་མེས་ཁྲག་རིན་སློང་།།
གངས་དཀར་སེམས་ཀྱི་མིག་ཆུས་ཡུལ་ལུང་དཀྲོགས།།
ཁྱིམ་གཞིས་སྣུམ་པོར་བུ་རབ་ཚ་རྒྱུད་སྟོང་།།
རིགས་ལ་བཀལ་བའི་ཀླན་ཀའི་ནང་དམེ་སྤུར།།
རྩམ་དྲི་ཡལ་བའི་ལུགས་ངན་ཆོ་འཕྲུལ་འདིས།།
མཐུན་སྣང་སེམས་ཀྱི་མེ་ཏོག་བག་ལ་ཞ།།
ཞི་འཇམ་འཚོ་བའི་མལ་སར་དྲོད་ཁོལ་ཡལ།།
རིགས་རུས་ཤ་ཚིལ་ཁྲག་གི་སྦྱིན་བསྲེག་སྤར།།
འཁྲུལ་སྣང་རྨི་ལམ་བཟི་ཁས་རང་ཚུགས་བོར།།
གདོང་དམར་ལས་དབང་སྲིན་པའི་སྦར་ཁྱིམ་ཐེབས།།
ནོར་གླིང་ཕོ་བྲང་འོད་མདངས་དམའ་སར་ཕབ།།
གྲུ་འཛིན་དམར་པོའི་ནང་རྟེན་གྲོད་ཁོག་གཤག།།
རྒྱ་བོད་གཉེན་གྱི་སྐལ་བ་རྩ་ཆེན་རྟེན།།
ལྕགས་མཁར་སྒོ་མེད་འོབས་སུ་གཉིད་ལ་ཡུར།།
གནའ་སྲོལ་གོམ་འགྲོས་དགོང་ཁའི་གྲིབ་གཟུགས་བཞིན།།
ཕ་སྐད་རྗེན་པའི་རོལ་དབྱངས་འཆི་ལམ་ཆས།།
རྩ་ཆེན་བང་སོ་གོང་མའི་རྒྱུད་རབས་ཞེས།།
རྫུན་སྒྲིག་འགྲེམ་སྟོན་འཛམ་བུའི་མཐོང་ན་བསྒྲགས།།
གཞིས་ལུས་སྤུན་ཟླས་བཙན་བྱོལ་རེ་བ་འཁྲེང་།
བཙན་བྱོལ་བོད་མིས་ཁྱབ་བསྒྲགས་མིང་བྱང་འོག།
ཤ་རུས་ཁྲལ་ལ་འཇལ་བའི་ཚོང་སྒོ་འདིས།།
རྒྱལ་ཁབ་ཟམ་པར་བཙུགས་པའི་འབྱོར་ལྡན་མང་།།
ཡོད་ཚད་ལས་ལ་བཅོལ་བའི་མར་གཤམ་དེར།།
མི་རིགས་དཔུང་པས་སྟོབས་ཤུགས་མ་ཉམས་གོང་།།
སེམས་ཀྱི་ཁ་དོག་གདོན་གྱིས་མ་བསྒྱུར་གོང་།།
ད་དུང་རེ་བ་འདི་ནི་ཉེན་ཁ་ཞིག།
གྲགས་ཅན་རྩོམ་པ་པོ་སྒོ་ཡོན་གྱི་འཆར་སྣང་ལས་གདམ་སྟེ་ཚོར་ཤུགས་འདི་ཤར་མར་སྤེལ།།༢༠༡༠།༩།༡༨ཉིན།
