གླེང་གཞི་ནག་པོ།།

 


བཅོས་མའི་འཛུམ་གྱིས་བསུ་བའི་ཟླ་འོད་འོག།

ས་གཞི་ཡུན་གྱིས་བསྐོར་བའི་རེ་ཞགས་འཕེན།།

རྒྱ་མཚོ་ཧུབ་ཀྱིས་བཏུང་པའི་གཏམ་རྒྱུད་ཅིག།

བྱེ་ཐང་རྒྱ་གྲོང་འགྲིམས་པའི་དཔའ་ཁར་རྒོད།།


ལྷག་བསམ་དར་ཆེན་མཁའ་ལ་བསྒྲེངས་ཤུལ་དུ།།

སླད་མེད་ལ་རྒྱ་སྨྲ་པའི་ཁ་གཡང་འདི།།

ཕངས་མེད་རྒྱལ་ཁམས་བསྐོར་ནས་གྲགས་ལུགས་ཀྱིས།།

དམར་པོའི་ཚོན་མདངས་བསྒྲིགས་པའི་ལས་འཆར་བརྩམས།།


མདའ་ཁ་ནང་དུ་གཏད་པའི་གནམ་འོག་ན།།

དཔའ་དར་གཞན་ལ་ཕུལ་བའི་བཀོད་འདོམས་འདི།།

སྲང་ཁ་མཐོ་དམའ་བརྩད་པའི་ལུགས་སྲོལ་གྱིས།།

དགྲ་ཁ་རང་ལ་ཕྱོགས་པའི་སྔ་ལྟས་ཡིན།།


འདོད་འཇོ་འོ་མཚོ་བསྲུབས་པའི་མདུན་ངོགས་ན།།

མགོ་བོ་བྲག་ལ་བརྡབ་པའི་སྔ་གཞུག་ཏུ།།

བྲག་ཅ་རང་གི་རྣ་བར་མི་ཚོར་ཡང་།།

ས་ཆེན་ལག་པས་འགེབས་འདི་ཡ་རེ་མཚར།།


ཁྲོམ་གཞུང་བྲེལ་གྱིས་བསྐོར་བའི་རྒྱུག་ལུགས་འདི།།

རྒྱལ་ཁའི་ལམ་བུ་འཚོལ་བའི་གཤམ་ངོགས་ན།།

གཞན་ངོར་དཀར་རྩི་གསོལ་བའི་ཐབས་ཚུལ་ཞིག།

ཡངས་པོ་རླུང་གིས་འཁྱེར་བའི་ལྟད་མོ་གདའ།།


སྤུས་ཚོང་དངོས་ཟོག་འགྲེམས་པའི་ཁྲོམ་ར་ན།།

ཁེ་དབང་ལས་ཀྱིས་བསྐྱུར་བའི་ཚོང་དཔོན་འགའ།།

ཚོང་དོན་བྲེལ་ཟིང་ཐེངས་ཤིག་བསླངས་ཙ་ན།།

ཅང་མེད་རྟ་སྒྲོ་སྟོང་པའི་རྡོག་ཁྲིས་བསྐྲུན།།


མ་ནིའི་དབྱངས་རྟ་གྱེར་བའི་གནམ་འོག་ན།།

ཤོག་བུ་རླུང་གིས་བདས་པའི་ཟུར་སྣེ་རུ།།

སྨག་རུམ་མུན་པ་འཐིབས་པའི་ལམ་ཆེན་ན།།

ལྗིད་ཚད་ལྷགས་པས་འཇལ་བའི་ཟློས་གར་མཐོང་།།



དྲོད་འཇམ་ཉི་འོད་ཚེར་བའི་གཤམ་འོག་ན།།

སྤྱི་སེམས་སྟོང་གཏམ་སྒྲོག་པའི་ཆུ་གཏེར་ངོགས།།

རང་དོན་ཁོག་ན་འཕྱོར་བའི་ཐལ་རྡུལ་གྱིས།།

འཇིག་རྟེན་མུན་པས་བསྒྲིབས་པའི་སྔ་ལྟས་ཤིག།


དཀར་གསལ་ཉིན་བྱེད་འབྱེད་པའི་ཐང་ཆེན་ན།།

གོར་གོར་འོད་ལ་འཁྲེང་པའི་ཨ་འཐས་ཀྱིས།།

མངོན་གསལ་རང་མཚང་འགྲེམས་པའི་གྲུ་ཁ་ནས།།

རྗེན་མའི་གར་གྱིས་གླེང་གཞི་ནག་པོ་བསླངས།།

༢༠༡༠། ༩། ༢༡ ཉིན་གྱི་དགོང་མོར་རང་ཤག་ཏུ་གློ་བུར་ཚོར་སྣང་ཞིག་གིས།།