སྒྲོལ་མ་ཚེ་རིང་ལྷོ་ཕྱོགས་སུ་ཡོང་ནས་འོས་ཤོག་ཁྱབ་བསྒྲགས་བྱེད་ཀྱི་འདུག

 

ཁ་སང་ཕྱི་ཚེས་༢༥ ཉིན་ཧུན་སུར་དུ་སླེབས་ནས་ཚོགས་འདུ་འཚོགས་སོང་། སྐད་ཆ་གཅིག་མཚུངས་བཞིན་བཤད་འདུག་པ་མ་ཟད། གཙོ་ཆེ་ཤོས་སྐབས་འདིར་ཁོང་གིས་བཤད་སྟངས་ལ་བལྟས་ནས་དབུས་གཙང་མི་མང་གིས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་འོས་ཤོག་འཐོབ་ཆེད་གཙོ་བོ་དང་། མོ་རང་གིས་མགོ་ཁྲིད་པའི་དབུས་གཙང་གི་འོས་གཞིའི་ནང་དུ་ཡོད་པ་བོད་རང་བཙན་མི་བཤད་རྒྱུའི་ཁས་ལེན་དམ་བཅའ་བྱས་ཟིན་པ། དབུས་གཙང་ཆོལ་ཁའི་ཞེན་ཁོག་བྱེད་རྒྱུའི་ཁས་ལེན་དམ་བྱས་ནས་ས་ཡིག་རྒྱག་མཁན་དེ་དག་སྤྱི་འཐུས་སུ་སླེབས་ཐབས་བྱེད་ཀྱི་ཡོད་པ་རེད་འདུག་ལ། དེའི་ནང་ནས་ཀྱང་མོ་རང་སླེབས་ཐབས་སུ་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བྱེད་བཞིན་འདུག དབུས་གཙང་བ་ངོ་ཤེས་པ་ཁ་ཤས་ཀྱིས་བཤད་པ་ལྟར་ན་དེའི་ནང་ནས་སྤྱི་འཐུས་ཡིན་པ་བཞིན་པ་ཁག་ཅིག་ཡག་པོ་མེད་ཚུལ་ཡང་ཟུར་དུ་ཐུག་སྐབས་ནན་པོ་བཤད་ཀྱི་འདུག་ཟེར། སུ་ཡིན་མིན་མི་ཤེས། ངས་ཀྱང་འདྲི་བདེ་པོ་བྱུང་མ་སོང་། འདི་རྗེས་སུ་ཀོ་ལི་གྷལ་དུ་འགྲོ་རྒྱུ་ཡིན་པ་མ་ཟད། མོན་གྷོ་ཊི་ལ་ཡང་འགྲོ་རྒྱུའི་འཆར་གཞི་ཡོད་པ་རེད་ཟེར།

དངོས་གནས་བཤད་ན་སྒྲོལ་མ་ཚེ་རིང་ཟེར་བ་དེ་དབུས་གཙང་ཆོལ་ཁའི་སྒྲིག་འཛུགས་ཀྱི་ཚོགས་གཙོ་ཆགས་པ་ནས་བཟུང་། ཆོལ་ཁའི་འཐེན་ཁྱེར་གྱི་ཕྱོགས་ལྷུང་མང་པོ་བཟོས་སོང་ལ། ལྷག་པར་དུ་སྐབས་སྔོན་མ་མངོན་སུམ་འཛེམས་མེད་ཀྱིས་སྤྱི་འཐུས་ཀྱི་འོས་གཞིའི་ནང་དུ་ཞུགས་པ་ལ་རང་བཙན་བཤད་མི་ཆོག་པ་དང་། དབུས་གཙང་ཆོལ་ཁར་ཞེན་ཁོག་དགོས་པའི་ཆ་རྐྱེན་བཏོན་པ་ནི། བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་གནོན་སྐྱོན་ཧ་ཅང་ཆེན་པོ་ཞིག་ཏུ་གྱུར་འདུག དེར་བརྟེན་ད་ལྟའི་དུས་ཚོད་འདིར་མོ་ལྟ་བུའི་ཕྱོགས་རིས་ཞེན་ཁོག་ཅན་མང་པོ་ཞིག་དབུས་གཙང་གི་མགོ་རུ་སླེབས་ན་གནས་ཚུལ་ཐབས་སྡུག་མང་པོ་ཡོང་ངེས་རེད།

སྔོན་མ་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་འདེམས་པའི་སྐབས་དབུས་གཙང་མི་མང་གིས་ཆོལ་ཁའི་ཕྱོགས་རིས་མ་བྱས་པའི་དཔང་རྟགས་སུ་བགྲང་བཞིན་ཡོད་པ་རེད་ལ། ཕྱོགས་གཅིག་ནས་བགྲང་ཆོག་པ་ཞིག་ཀྱང་རེད། འོན་ཀྱང་ཟམ་གདོང་རིན་པོ་ཆེ་ལྟ་བུ་ཞིག་བཙན་བྱོལ་ནང་དུ་གཞན་མེད་སྟབས་དབུས་རྒྱུན་ལས་ཚོས་མི་མང་གི་ཁ་ལོ་སྒྱུར་རྒྱུ་ལས་སླ་པོ་གཏན་ནས་ཡོད་པ་མ་རེད། ད་ལྟའི་དུས་འདིར་མི་ཚང་མ་གཅིག་པ་ལྟ་བུ་ཡིན་སྟབས་ཆོལ་ཁའི་ཞེན་ཁོག་གིས་མ་རྩ་བྱས་ན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་སླེབས་ཐུབ་པའི་རེ་བ་ཡོད་སྟབས། དབུས་གཙང་ཆོལ་ཁའི་ཞེན་ཁོག་དེ་ཕྱི་གསལ་ནང་གསལ་བཟོས་ཀྱང་ལམ་ལྷོང་ཡོང་རྒྱུའི་རེ་བ་མཐོང་བ་རེད། སྐབས་རྗེས་མའི་སྤྱི་འཐུས་ལྷན་ཚོགས་དེ་ཡག་པོ་ཞིག་ཡོང་དཀའ་བ་དང་། དེ་ཡང་དབུས་གཙང་ནི་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་སྒྲོམ་གཞིའི་ནང་ནས་སྤུན་རྒན་པ་ལྟ་བུ་རེད། མི་འབོར་དང་གནས་སྟངས་གང་ཐད་ནས་ཡག་གི་རེད། སྤུན་རྒན་པས་སྤྱོད་པ་ལོག་ན་གཞན་གཉིས་ཀྱིས་ལོག་རྒྱུ་ཡིན་པ་སྨྲོས་མེད་རེད། དེར་བརྟེན་སྐབས་རྗེས་མ་བཀའ་ཤག་དང་སྤྱི་འཐུས་དེ་ད་ལྟ་ལས་ཀྱང་རྙོག་གྲ་ཆེ་རུ་འགྲོ་ངེས་པ་རེད་བསམ་པ་དྲན་གྱི་འདུག་ལ། ངས་དྲན་པ་དེ་ཡང་བདེན་དོན་དུ་འགྱུར་ངེས་པ་རེད།

དབུས་གཙང་ཆོལ་ཁའི་སྒྲིག་འཛུགས་ཀྱི་ངོས་ནས་གསལ་བསྒྲགས་བྱེད་དུ་འགྲོ་དགོས་སྲིད་ཀྱང་། སྔོན་འགྲོའི་འོས་བསྡུ་བྱེད་རྒྱུ་ལ་ཉིན་ཤས་ལས་མེད་པའི་སྐབས་འདིར། ད་ལྟ་སྤྱི་འཐུས་ཡིན་པ་དང། མ་འོངས་པར་སྤྱི་འཐུས་བྱེད་རྒྱུ་ཡིན་པ་ཞིག་ཁྱབ་བསྒྲགས་བྱེད་དུ་སོང་ན་ཡག་པོ་མ་རེད་ལ་འོས་འཚམས་ཀྱང་གཏན་ནས་མ་རེད། རྒྱུན་ལས་གཞན་ཚོ་ཚང་མ་འདམ་གྱིས་བཟོས་པ་ལྟ་བུ་ཡིན་ན་མ་གཏོགས། དེ་བས་རྒྱུན་ལས་གཞན་པ་ཁག་ཅིག་བཏང་ན་འོས་ཤིང་འཚམས་པ་ལྟ་བུ་ཞིག་རེད།།