ཁྲག་དྲི་བྲོ་བའི་སྙན་ངག

གཅིག

ཟླ་གསུམ་པའི་ཚེས་བཅུར་གློ་བུར་དུ།

ལྷ་སའི་བར་སྐོར་ནང་རྒྱལ་གཅེས་པ་སེ་རའི་གྲཱ་བ་འགས་ཞི་བའི་སྐད་འབོད་ལས་འགུལ་སྤེལ།

ཛ་དྲག་བརྡ་སྟོན་གྲགས་བཞིན་པའི་ཉེན་རྟོག་པའི་མོག་ཊ་ཁྱུ་གཅིག་སླེབས།

ཁོང་ཚོ་རེའུ་གླག་གིས་ཁྱེར་བ་ལྟར་མི་མངོན་པའི་ནག་བཙོན་དུ་ཁྲིད།

ཕོ་རྒོད་ཚོས་ངམ་གཙིག་བསྡམས་ཏེ་ཕོ་ཤི་རེས་ཐེངས་གསུམ་ཟེར།

བུད་མེད་ཚོས་དཀོན་མཆོག་མཁྱེན་ང་ཚོ་བོད་རང་དབང་ཟེར་བ་དེ་ཏིལ་འབྲུ་ཙམ་ཡང་མི་འདུག་་་་་་་་

གཉིས།

ཟླ་གསུམ་པའི་ཚེས་བཞིའི་གཡས་གཡོན་བོད་ཆོལ་ཁ་གསུམ་གྱི་ཡུལ་གྲུ་ཀུན་ཏུ།

དཔའ་བོ་དཔའ་མོ་དུ་མས་མ་བགྲོ་གཅིག་མཐུན་གྱིས་གཞི་རྒྱ་ཆེ་བའི་གྱེན་ལངས་བྱེད།

ཁོང་ཚོའི་མངོན་འདོད་ཁ་གཡང་དུ་སྒྲོག་པ་ནི།

རྒྱལ་བ་དོན་གྱི་བདག་པོ་བོད་དུ་ཕེབས་རྒྱུ་དང༌།

བོད་ལ་སྨྲ་བརྗོད་ཀྱི་རང་དབང༌།

འགྲོ་བ་མིའི་ཐོབ་ཐང༌།

རང་སྲིད་རང་སྐྱོང་ཚད་ལྡན།

དམངས་གཙོའི་ལམ་ལུགས་ཡང་དག་པ་དགོས་པ་སོགས་རེད།

ཉིན་དེར་རྒྱལ་ས་ལྷ་སར་ཡང་འབོད་ཚིག་འདིའི་སྒྲས་པོ་ཏཱ་ལའི་ཕྱོགས་ཀུན་ཁྱབ།

ལྷ་སར་གནས་པའི་ཆོལ་ཁ་གསུམ་གྱི་མི་མང་ཡར་ལངས་གཞི་རྒྱ་ཆེ་བ་ཞིག་བྱས།

ཡ་ང་སྙིང་རྗེ་མེད་པའི་དེང་རབས་ཀྱི་དྲག་མཚོན་ཐོགས་པའི་ཉེན་རྟོག་པ་སྟོང་ཚོད་མང་པོ་སླེབས།

གཅར་རྡུང་དང་ཟུངས་ཁྲག་བརྡོལ་བ་དུས་གཅིག་ཏུ་འགོ་བཙུགས།

རྫས་དུད་ནག་པོའི་མོག་པོའི་ཁྲོད་འབོད་སྒྲའི་རྣོ་ངར་རབ་ཏུ་ཆེ།

རེ་ཞིག་རྒོལ་མཚམས་བཞག་རྗེས།

དུད་ནག་ལང་ལོང་དུ་འཁྲིགས་ཤིང་མེ་ལྕེ་ལྷེབ་ལྷེབ་ཏུ་འབར་བའི་གསེབ།

ཉེན་རྟོག་པའི་ལས་ཁང་དང་མོག་ཌ་སོགས་ཚིག་བ་མངོན།

ལམ་གྱི་གཡས་གཡོན་དུ་ཁྲག་གིས་ཚོས་པའི་ཞི་རྒོལ་བའི་བེམ་རོ་གཅལ་དུ་བཀྲམས།

ཡུག་ས་མའི་ངུ་འབོད་ཇོ་ཁང་གི་མཐར་ཁྱབ།

ད་ཕྲུག་གི་མིག་ཆུ་སྐྱིད་ཆུའི་རྒྱུན་དང་འདྲེས།

བོད་མི་ངར་ཞིང་རྒྱ་མི་བྲོས།

གསུམ།

བོད་མི་ཞི་རྒོལ་བ་བསད་རྨེས་འཇུ་བཟུང་གི་གནས་ཚུལ་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ཁྱབ།

དེ་འཕྲལ་རང་དབང་ཅན་གྱི་གསར་འགོད་པ་ཕྱིར་ཕུད་བཏང༌།

ཏཱ་ལའི་རུས་ཚོཊ་དང་ལོག་སྤྱོད་པ་སོགས་འཁྱོག་བཤད་མང་པོ་ཕྱིར་བསྒྲགས་ཀྱིས་འཛམ་གླིང་མི་མང་གི་མགོ་བོ་རྨོངས་སུ་བཅུག

བོད་ཕྱི་ནང་ཀུན་ཏུ་ཞི་རྒོལ་བ་ཇེ་མང་དང་ཇེ་མང༌། ཇེ་ངར་ནས་ཇེ་ངར་རེད།

བཞི།

ཨ་རི་དང་འཛམ་གླིང་ཤར་ནུབ་ཀྱི་དབུ་ཁྲིད་མང་པོས།

རྒྱ་ནག་དབང་འཛིན་པ་ལ་བོད་རྒྱའི་དཀའ་རྙོག་ཏཱ་ལའི་བླ་མ་དང་གྲོས་མོལ་གྱི་སྒོ་མོ་འབྱེད་དགོས་པའི་འབོད་སྐུལ་བྱས།

འཛམ་གླིང་ཆེས་མཁས་ཉམས་ཞིབ་པ་དང་མཁས་དབང་དབུ་ཁྲིད་དུ་མས།

སྒྲ་སྡུད་འཁོར་ལོ་དང༌། བརྙན་འཕྲིན། གློག་ཀླད་དྲ་རྒྱ་སོགས་སུ།

དཔྱད་བརྗོད་ཀྱི་སྦྲགས་གཏམ་མང་པོ་གསར་འགོད་གསར་བསྒྲགས་བྱས།

བོད་ཀྱི་གནས་ཚུལ་ཕྱི་གསལ་ནང་གསལ་དང་ས་རིས་ཐང་གསལ་དུ་གྱུར།

ལྔ༌།

དུས་རབས་ཉེར་གཅིག་པའི་ལོ་རབས་བརྒྱད་པར།

འཛམ་གླིང་ཇེ་ཆུང་དང་མི་རྣམས་འབྲེལ་བ་ཇེ་ཉེ་ཡིན་ན་ཡང༌།

རྒྱ་ནག་དམར་ཕྱོགས་པ་ནི་དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུ་དང་བདུན་ཅུའི་སྐབས།

རིག་གནས་གསར་བརྗེའི་ལྟ་ངན་དང་གཡོན་ཐལ་ཆེ་བའི་ཀླད་རྙིང་ཇེ་མཁྲེགས་དང༌།

འཛམ་གླིང་དང་རྒྱང་ཐག་ཇེ་རིང་དུ་གྱུར་དང་འགྱུར་བཞིན་པ་ལ་ལྟོས་དང༌།

རྗེས་བྱུང་རྒྱ་ནག་དམར་གཞུང་གི་ཁ་ཕྱོགས་ནི།

ཆེས་འཇིགས་རུང་དང༌། ཆེས་ཉེན་ཁ་ཞིག་ཏུ་འགྱུར་རྒྱུ་ཉག་ཅིག་རེད།

དྲུག

ང་ཚོ་ནི་དྲང་བདེན་གྱི་ལོ་རྒྱུས་ལ་ཁུངས་བཅོལ་ཞིང༌།

འཚེ་མེད་ཞི་བའི་ལམ་ལ་ཡིད་ཆེས་ཀྱིས།

རྒྱལ་བ་དོན་གྱི་བདག་པོ་ནི་ཞི་བདེའི་དབུ་ཁྲིད་དང༌།

གདོང་དམར་བོད་མི་ནི་ཞི་བདེའི་བྱེད་པོ།

མཐོ་སྒང་བོད་ཡུལ་ནི་ཞི་བདེའི་ལྟེ་གནས་ཤིག་ཏུ་བསྒྱུར་རྒྱུ་ནི་བསྒྲུབ་བྱའི་གཙོ་བོ་ཡིན།

མདོར་ན་བོད་ཀྱི་བདེན་དོན་ནི།

བསྟན་པ་དང་འགྲོ་བ།

ཕྱི་སྣོད་ཀྱི་འཇིག་རྟེན།

ནང་བཅུད་ཀྱི་སེམས་ཅན།

འཛམ་གླིང་དང་རྒྱལ་ཁབ་བཅས་ཡོད་ཚད་ཀྱི་ལས་དབང་དང་ཁེ་ཕན་ལ་འབྲེལ་བ་དམ་ཟབ་ཡོད་པ་ཞིག་གོ། །།

སིམ་ལའི་ཡུལ་སྐོར་སྤྲོ་འཆམ་པའི་ལྟེ་གནས་ཀུབ་རེར་ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༡༨ ཉིན་བྲིས