མ་འོང་པའི་བཀའ་ཁྲི།
ན་གཞོན་བྱིས་པ་བོད་ཀྱི་སོན་རྩ་ཞེས།། མི་ཎི་ཇི་བཞིན་བགྲངས་བ་ཅི་ལ་ཕན།།
གཞོན་སྐྱེས་ཤེས་ཡོན་གོང་འཕེལ་བཏང་རྒྱུ་དེ།། མ་འོང་བཀའ་ཁྲིའི་སེམས་ནང་ལྡན་པ་དགོས།།
བོད་མིའི་སྐད་དང་རིག་པའི་གཞུང་ལུགས་སོགས།། མི་ཉམས་རྒྱུན་འཛིན་ཉམས་པ་སླད་གསོ་ཆེད།།
སྔོན་བྱོན་མཁས་དབང་ཤུལ་བཞག་རིག་ལུགས་ལ།། འབད་པའི་ཐབས་ལམ་ཅི་ནས་བཙལ་ཡང་དགོས།།
ཕྱི་ནང་བོད་མི་རྡོག་རྩ་ཅིག་སྒྲིལ་དང།། དེང་རབས་བརྡ་འཕྲིན་ཐབས་ལམ་འདྲ་མི་བརྒྱུད།།
བཙན་པོ་གདུང་རྒྱུད་གཅིག་པའི་མི་རིགས་འདི།། སླར་ཡང་བདེ་སྐྱིད་བསྐྲུན་པའི་འཇོན་ཐང་དགོས།།
དམྱལ་བ་མི་ཡུལ་འཕོས་འདྲ་སྡུག་སྦྱོར་འོག།། གནས་པའི་དཔའ་བོ་དཔའ་མོ་རང་དབང་ངང་།།
མྱུར་དུ་གློད་གྲོལ་ཡོང་བའི་ནུས་ཤུགས་སོགས།། སེམས་ལ་འཚོ་བ་ཡོད་པའི་དབུ་འཁྲིད་དགོས།།