སྐབས་བཅོ་ལྔ་པའི་སྤྱི་འཐུས་འོས་མི་ངོ་སྤྲོད་བགྲོ་གླེང།

yfbd2ཕྱི་ཟླ་༩ པའི་ཚེས་༣༠ དགོང་མོ་ངྷ་ས་བོད་གཞུང་ཟློས་གར་ཚོགས་ཁང་དུ་མང་གཙོ་གོང་འཕེལ་ཆེད་ན་གཞོན་དང་བླངས་རུ་ཁག་གི་གོ་སྒྲིག་འོག “སྐབས་བཅོ་ལྔའི་སྤྱི་འཐུས་འོས་གཞི་ངོ་སྤྲོད་”ཅེས་པའི་བགྲོ་གླེང་ཞིག་གོ་སྒྲིག་བྱས་པ་དང། གོ་སྒྲིག་པའི་ངོས་ནས་ཆོལ་ཁ་རེ་ནས་འོས་མི་བཅུ་རེ་བཏོན་ནས་ཁྱབ་བསྒྲགས་བྱས་འདུག འོས་མི་ཚང་མར་འོས་གཞིའི་ནང་དུ་ལངས་རྒྱུ་ཡིན་མིན་བཀའ་འདྲི་ཞུས་ཏེ། མི་ཚང་མ་འོས་མིར་ལངས་རྒྱུའི་འདོད་པ་ཡོད་པ་ཁས་ལེན་གནང་ཡོད་པ་རེད།

བགྲོ་གླེང་ཐོག་འོས་མི་ཚང་མར་མགྲོན་ཤོག་བཏང་ཡོད་ནའང། དངོས་སུ་དྷ་སའི་ཉེ་འཁོར་དུ་ཡོད་པ་༡༡ ལས་མཉམ་ཞུགས་བྱེད་ཐུབ་མེད་པ་རེད། འོས་མིའི་ནང་སྤྱི་འཐུས་ལས་ཐོག་༡༣ དང། འོས་མི་གསར་པ་༡༧ བཀྲམ་ཡོད་པའི་ནང་ནས། བགྲོ་གླེང་ཐོག་སྤྱི་འཐུས་ལས་ཐོག་འོས་མི་༥ དང་གསར་པ་ ༦ ཕེབས་ཡོད་པ་རེད། དབུས་གཙང་སྤྱི་འཐུས་ལས་ཐོག་ཀརྨ་ཡེ་ཤེས་དང། ཟླ་བ་ཕུན་སྐྱིད། གསར་པ་ཤར་གླིང་ཟླ་སྒྲོན། མདོ་སྟོད་སྤྱི་འཐུས་ལས་ཐོག་གསེར་རྟ་ཚུལ་ཁྲིམས་དང། འབའ་བ་སྐལ་བཟང་རྒྱལ་མཚན། གསར་པ་ལི་ཐང་འཇམ་དབྱངས་བཟོད་པ་དང། ངག་དབང་འོད་འབར། མདོ་སྨད་སྤྱི་འཐུས་ལས་ཐོག་ཚེ་རིང་གཡུ་སྒྲོན་དང། གསར་པ་སྒྲོལ་དཀར་སྐྱབས། བསོད་ནམས་རྒྱལ་མཚན། ཚེ་རིང་རྡོ་རྗེ་བཅས་ཡིན་པ་རེད།
yfbd3སྐབས་དེར་གོ་སྒྲིག་རུ་ཁག་གི་ཚོགས་མི་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་མང་གཙོ་གོང་འཕེལ་ཆེད་ན་གཞོན་དང་བླངས་པའི་འོས་མི་འདོན་སྟངས་དང། ཁྱབ་བསྒྲགས་བྱེད་སྟངས་སོགས་ལས་དོན་བྱེད་ཕྱོགས་ངོ་སྤྲོད་གནང་རྗེས། འོས་མི་སོ་སོས་དུས་ཡུན་སྐར་མ་༥ རེར་སོ་སོ་ངོ་སྤྲོད་དང། འདས་པའི་ཉམས་མྱོང་། མ་འོངས་པའི་ལས་དོན་བྱེད་ཕྱོགས་མདོར་བསྡུས་གསུངས་ཡོད་པ་རེད། དེའི་ནང་ཚང་མས་རང་ཚུགས་ཐུབ་པ་དང། ཕྱོགས་ལྷུང་མེད་པ། མི་མང་གི་བདེ་སྡུག་དང་བསམ་ཚུལ་ལ་ཉན་འཇོག་བྱེད་རྒྱུ་སོགས་གལ་ཆེན་ཡིན་པ་གཅིག་གྱུར་ལྟ་བུ་གསུངས་སོང་། དེ་བཞིན་ཁག་ཅིག་གིས་སྤྱི་འཐུས་བཞི་བཅུ་ལྷག་གིས་མཉམ་དུ་ལས་དོན་བྱེད་དགོས་སྟབས། མི་གཅིག་ལ་དེ་ཙམ་གྱིས་ནུས་པ་ཐོན་གྱི་མེད་ཀྱང་། ལས་དོན་གང་ཡིན་ལ་ཧུར་ཐག་གནང་རྒྱུ་ཡིན་སྐོར་གསུངས་པ་དང། མི་མང་གི་དྲི་བར་ལན་འདེབས་བྱས་ཡོད་པ་རེད།

ཚང་མས་ཕྱོགས་རིས་བྱས་ན་མི་འགྲིག་སྐོར་གསུངས་མཐར། དྷ་ས་ས་གནས་གཞོན་ནུའི་ཚོགས་གཙོས། “དབུས་གཙང་དབུས་རྒྱུན་ལས་ནས་འོས་མི་བཏོན་པ་ཚོར། དབུས་གཙང་གི་ཞེན་ཁོག་དགོས་པའི་ཆ་རྐྱེན་བཏོན་ནས་ཁས་ལེན་བྱས་པ་ཚོ་འོས་མིར་བཏོན་ཡོད་ཅེས་བརྗོད་ཡོད་པ་རེད། yfbd4སྤྱི་འཐུས་ཀརྨ་ཡེ་ཤེས་དང། སྤྱི་འཐུས་ཟླ་བ་ཕུན་སྐྱིད་གཉིས་འོས་མིའི་ནང་དུ་བཀྲམ་ཡོད་པས། ཞེན་ཁོག་དགོས་ཞེས་པ་དེ་ཕྱོགས་རིས་མེད་པའི་ཁོངས་སུ་ཚུད་ཀྱི་རེད་དམ་”ཞེས་དྲིས་པར། སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས། “དབུས་གཙང་དབུས་རྒྱུན་ལས་ཀྱི་སྒྲིག་འཛུགས་ནས། ཡི་གེ་འབྱོར་སོང། ཁྱེད་རང་སྔོན་འགྲོ་སྤྱི་འཐུས་ཀྱི་འོས་གཞིའི་ནང་འདོན་རྒྱུ་ཡིན། དེ་ལ་སྔོན་འགྲོའི་ཆ་རྐྱེན་གཉིས་ཡོད་ཅེས་འཁོད་འདུག ངས་ལན་དེའི་ནང། ད་ལྟའི་གནས་སྐབས་བོད་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་ཆོལ་ཁ་ཆོས་ལུགས། ལུང་ཚན་གྱི་འཐེན་ཁྱེར་སྤངས་ནས་ལས་ཀ་བྱེད་དགོས་པ་གལ་ཆེ་ཤོས་རེད། དེའི་ཐོག་སྐབས་སྐབས་ལ་སོ་སོའི་སྒྲིག་འཛུགས་ལ་ལས་ཀ་བྱེད་དགོས་པ་ཡོང་གི་རེད། ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་མེད་པའི་ཆིག་སྒྲིལ་གལ་ཆེན་པོ་རེད། ཆིག་སྒྲིལ་དེའི་ནང་དབུས་གཙང་གི་ཞེན་ཁོག་ཚུད་ཀྱི་ཡོད་ན། ཏན་ཏན་དེ་ཡིན་ཞེས་བརྗོད་པ་ལས། ངས་དེ་ལ་བརྒྱ་ཆ་བརྒྱ་ཡིན་དང་མིན་གྱི་ཁས་ལེན་བྱས་པ་རྩ་བ་ཉིད་ནས་མེད། ཆོལ་ཁ་གསུམ་ཆིག་སྒྲིལ་དགོས་པ་གལ་ཆེ་ཤོས་རེད་”ཅེས་ལན་འདེབས་གནང་སོང་།

yfbd5དེ་རྗེས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་གསུང་དོན། “དབུས་གཙང་དབུས་རྒྱུན་གྱི་ཡི་གེ་དེ་ང་ལ་འབྱོར་སོང། ངས་ལན་ཕུལ་བ་ཡིན། བོད་མི་མང་སྤྱི་འཐུས་ཞེས་ལས་ཀ་བྱེད་དགོས་པ་རེད། འཐེན་ཁྱེར་དང་དེ་འདྲའི་ལས་ཀ་བྱེད་ས་ཞིག་མ་རེད། དབུས་གཙང་མི་མང་གི་ས་གནས་ཁག་ནས་ང་འོས་མང་ཤོས་གསུམ་པའི་གྲས་སུ་སླེབས་པ་རེད། ང་རང་གི་ལོ་རྒྱུས་དང་ད་ལྟ་བར་གྱི་ལས་དོན་བྱེད་ཕྱོགས་དེ་ཡར་ཕུལ་བ་ལས། དོན་ཚན་གཉིས་ལ་མོས་མཐུན་ཡོད་ཅེས་ངས་ལན་ཕུལ་མེད། རྗེས་སུ་ཁ་པར་སླེབས་སོང། ཁྱེད་རང་གིས་དོན་ཚན་གཉིས་ལ་ཁས་ལེན་མི་འདུག་ཅེས་ཧ་ལམ་མ་སོང་ན་འོས་མིའི་ནང་ནས་ཕུད་ཀྱི་ཡིན་མདོག་བྱེད་ཀྱི་འདུག ག་རེ་གནང་ན་གནང་རོགས་བྱས་ཞེས་ལན་ཕུལ་བ་ཡིན། རྗེས་སུ་འོས་མིའི་ནང་དུ་བཞག་འདུག་”ཅེས་གསུངས་སོང།  

བགྲོ་གླེང་གོ་སྒྲིག་པའི་ངོས་ནས་དེ་སྔོན་དྷ་སར་བཀའ་ཁྲིའི་འོས་མི་བཞི་གདན་ཞུས་ཀྱིས་བགྲོ་གླེང་ཆེན་པོ་ཞིག་གོ་སྒྲིག་བྱས་པ་དང། ཐེངས་འདིར་སྤྱི་འཐུས་འོས་མིའི་བར་དུ་བགྲོ་གླེང་ཞིག་གོ་སྒྲིག་བྱས་འདུག དེ་བཞིན་འོས་མི་འདོན་མཁན་ཚོས་དམིགས་བསལ་ཆ་རྐྱེན་གང་ཡང་བཏོན་མེད་ནའང། འབོད་སྐུལ་དོན་ཚན་གསུམ་ཞུས་ཡོད།

༡ ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་དང། གྲོས་ཚོགས་ནང་ཁུལ་གྱི་ཕྱོགས་རིས་མེད་པའི་ཐོག་ནས་དུས་རྟག་ཏུ་བོད་པའི་རྩ་དོན་གཙོ་བོར་བཟུང་ནས་ལས་དོན་གནང་རོགས།
༢ ཆབ་སྲིད་ལངས་ཕྱོགས་རང་བཙན་དང་དབུ་མའི་ལམ་གང་ཡིན་རུང་ངེས་ཤེས་རྙེད་པའི་ཐོག་ནས་ལངས་ཕྱོགས་འཛིན་པ་ལས། ཕན་ཚུན་གུས་བརྩི་མེད་པར་དོན་མེད་བསྙོན་འཛུགས་རིགས་མ་གནང་རོགས།
༣ བོད་པའི་མང་གཙོ་གོང་འཕེལ་གྱི་ལས་དོན་ནང་མཉམ་ཞུགས་དང། ཡར་རྒྱས་གཏོང་རྒྱུའི་ལས་དོན་གནང་རོགས་ཞེས་བརྗོད་ཡོད་པ་རེད།

{jcomments on}