རྒྱལ་ཚོགས་སུ་བོད་ཀྱི་ཁོར་ཡུག་གི་གནད་དོན་གླེང་སློང།
ཟླ་བ་སྔོན་མའི་ཚེས་༣༠ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་དྲིལ་ཁོར་ཡུག་ཚན་པའི་འགན་འཛིན་སྐུ་ཞབས་བསྟན་འཛིན་ནོར་བུ་ལགས་ནས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ། གནད་དོན་བཞིའི་ཐོག་གསུང་བཤད་གནང་འདུག ༡༽ མཐོ་སྒང་བོད་ཀྱི་འཁྱག་རོམ་ཇེ་ཉུང་དུ་འགྲོ་བཞིན་པ། ༢༽ མཐོ་སྒང་བོད་ནས་བྱུང་བའི་ཆུ་དང་ཆུ་རགས་སྐོར། ༣༽ མཐོ་སྒང་བོད་ཀྱི་བརྟན་ཆགས་འཁྱག་རོམ་ཉམས་རྒུད་འགྲོ་བཞིན་ཡོད་པས། གོ་ལའི་ཁོར་ཡུག་གནས་སྟངས་ལ་རྗེས་འབྲས་ཇི་བྱུང། ༤༽ རྒྱ་གཞུང་གིས་འབྲོག་པ་རྣམས་གདོད་མའི་འབྲོག་སའི་རྩྭ་ཐང་ནས་སྤོ་བཞུད་ཀྱི་ལས་འགུལ་སྤེལ་བཞིན་པ་བཅས་ཀྱི་སྐོར་ཡིན་པ་རེད།
བོད་གཞུང་ཕྱི་དྲིལ་ཁོར་ཡུག་ཚན་པའི་འགན་འཛིན་བསྟན་འཛིན་ནོར་བུ་ལགས་ཀྱིས། འདས་པའི་ལོ་༤༠ ནང་མཐོ་སྒང་བོད་ཀྱི་འཁྱག་རོམ་བརྒྱ་ཆ་ ༢༠ ཙམ་བཞུར་ཡོད་པ་དང། ད་ལྟ་བོད་ནང་གནམ་གཤིས་ཚ་དྲོད་རྒྱས་ཚད་དེ། འཛམ་གླིང་སྤྱི་ཡོངས་ཀྱི་གནམ་ཤིས་ཚ་དྲོད་འཕར་ཚད་ལས་ལྡབ་གསུམ་ཙམ་ཆེ་བ་ཆགས་ཡོད་པས། མཐོ་སྒང་བོད་ཀྱི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་དེ། བོད་མི་ས་ཡ་དྲུག་ཙམ་མིན་པར་རྒྱ་གར་དང་རྒྱ་ནག དེ་མིན་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མི་མང་ཐེར་འབུམ་མང་པོར་དཀའ་ངལ་འཕྲད་རྒྱུ་ཡིན་པ་རེད་ཅེས་དང།
ཡང་ཁོང་གིས། རྒྱ་ནག་གཞུང་གིས་གསང་བའི་ཐོག་ཡར་ཀླུང་གཙང་པོ་དང་འབྲི་ཆུ། དེ་བཞིན་སལ་ཝིན་རྒྱུག་ཆུ་བཅས་ལ་ཆུ་རགས་བརྒྱབ་པ་དེས། རྒྱུག་ཆུ་དེ་དག་ལ་བརྟེན་ནས་འཚོ་གནས་བྱེད་བཞིན་པའི་ཁྱིམ་མཚེས་རྒྱལ་ཁབ་ཝི་ཐི་ནམ་དང་ལའོ་སི། ཁེམ་བྷོ་ཌི་ཡ། པ་ཀི་སི་ཐན། བྷར་མ། རྒྱ་གར་བཅས་ལ་ཛ་དྲག་གི་དཀའ་ངལ་འཕྲད་ངེས་ཡིན་པ་མ་ཟད། རྒྱལ་ཁབ་དེ་དག་གི་སྐྱེ་དངོས་སྣ་མང་ལའང་དོ་ཕོག་ཤུགས་ཆེན་འགྲོ་རྒྱུ་ཡིན་པ་དང། གལ་ཏེ་རྒྱལ་སྤྱིའི་ཚོགས་པ་དང་མཐོ་སྒང་བོད་ཀྱི་ཁོར་ཡུག་ཐོག་སེམས་འཚབ་ཡོད་མཁན་རྒྱལ་ཁབ་རྣམས་ཀྱིས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་མ་ཐུབ་ཚེ་འབྱུང་འགྱུར་ལོ་ཤས་ནང་འཐུང་ཆུ་མ་འདང་པའི་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་ངེས་ཡིན་པ་དང། རྒྱ་ནག་གཞུང་གིས་རྩྭ་ཐང་བདག་གཅེས་དང་ཁོར་ཡུག་སྲུང་སྐྱོབ་ལ་ཁ་གཡར་ནས། བཙན་དབང་གིས་བོད་ནང་བོད་མི་འབྲོག་ཁྱིམ་༧༠༠༠༠༠ ཙམ་གདོད་མའི་འབྲོག་སའི་རྩྭ་ཐང་ནས་སྤོ་བཞུད་ཀྱིས་ས་ཁང་ནང་གནས་སྤོ་བྱེད་བཅུག་ཡོད་པ་དང། དཔེར་ན་ཉེ་ལམ་བོད་ཀྱི་དཔལ་ཡུལ་དང་དཀར་མཛེས་སོགས་ཀྱི་ནང་། རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་བྱས་རྐྱེན་ས་གནས་བོད་མི་ཚོས་ཞི་བའི་ངོ་རྒོལ་བྱས་པར། སྐབས་དེར་རྒྱ་ནག་གཞུང་གི་སྐོར་སྲུང་ཉེན་རྟོག་པས་མེ་མདའ་བརྒྱབ་སྟེ་བོད་མི་འགའ་དམར་གསོད་བཏང་ཡོད་ཅེས། བོད་ཀྱི་ད་ལྟའི་ཁོར་ཡུག་གི་འགྱུར་ལྡོག་དེས་འཛམ་གླིང་སྤྱི་དང་། ཡུལ་དེར་འཚོ་སྡོད་བྱེད་བཞིན་པའི་བོད་མི་ཚོའི་འཚོ་བའི་ཐད་ལ་དཀའ་ངལ་ཇི་འཕྲད་ཀྱི་སྐོར་གསུང་བཤད་གནང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།{jcomments on}