སེམས་བཙིར་བའི་དབུགས་རིང་ནར་མོ།
ཡུན་རིང་འདུས་མཐར་སོ་སོར་བྲལ་བ་འདི།།
མགོ་ནག་བོད་པའི་ཆོས་ཉིད་བསམ་ན་ཡང་།།
བསམ་པའི་གཏིང་འཛིན་བྱེད་པའི་རྣམ་རིགས་དེ།།
དཔེན་པའི་ང་ཚོ་དེ་ཡིས་འཐག་པར་བྱེད།།
ཉེ་བའི་གམ་དུ་ཡོད་དུས་དགའ་སྐྱོའི་གཏམ།།
དྲིས་པ་མེད་ཀྱང་ལྷུག་པོར་གྲོལ་ན་ཡང་།།
རིང་བའི་སྐབས་སུ་སེམས་ཀྱི་དཀའ་སྡུག་སོགས།།
དྲིས་ཀྱང་གླེང་དུ་མི་ཕོད་གཤིས་སུ་གྱུར།།
ཚུར་ལ་འཐེན་ན་ཕར་ལ་ཤོར་འགྲོ་བ།།
ཕར་ནས་སྐུར་ན་ལམ་ནས་ལྷག་འགྲོ་བའི།།
རིགས་པའི་ནམ་ཚོད་རྒས་ཀྱི་འཁྱེར་སླ་བ།།
མི་རྟག་འཁོར་བའི་ཚང་འདིར་ཡིད་བརྟན་ཅི།།
གཅིག་བུར་བསྡོད་དུས་ཁེར་རྐྱང་སྣང་བའི་བཟི།།
མཛའ་མོར་འགྲོགས་དུས་ནང་གི་སུན་སྣང་རྒོད།།
བྱིས་པའི་གདོང་གི་འཛུམ་མདངས་ལྷད་མེད་ཀྱིས།།
འཁོར་བའི་བྱ་བར་ཡི་ཀ་ཅུང་ཙམ་སྤྲད།།
ལུས་འདི་སྐྱུར་ནས་འགྲོ་ས་འཆི་ལམ་རེད།།
འཇིག་རྟེན་སྐྱེ་བོ་ཀུན་གྱིས་མི་འདོད་པའི།།
སྒོ་མོ་དེ་ལས་གཞན་ཞིག་མེད་ན་ཡང་།།
ནམ་ཞིག་དང་དུ་མི་ལེན་ཐབས་ནི་མེད།།
བསམ་ན་ཡོད་ཚད་ཤེས་པའི་ཚོར་བ་ཞིག།
བྱེད་དུས་གང་ཡང་མི་འཇོན་ལུས་པོ་འདིས།།
རང་དང་ཕ་མའི་རྨི་ལམ་མ་འགྲུབ་པར།།
རྒྱུས་མེད་ཡུལ་ནས་མི་ཚེ་གཟད་དུ་སྐྱོ།།
མི་ཡི་ཡུལ་ན་ནང་གི་སྐྱིད་དེ་མེད།།
མི་ཡི་ཟས་ལ་རྩམ་དྲི་མི་བྲོ་བའི།།
མི་ཡི་གཤིས་ལ་རང་གཤིས་གཏན་བྲལ་བའི།།
མི་ཡི་ཡུལ་འདི་རང་དང་མི་འཚམ་གི།