བོད་ནང་ཛ་དྲག་གནས་ཚུལ་མུ་འཐུད་བྱུང་བ།
ཟླ་༩ ཚེས་༢༨ ཉིན་བོད་གནས་ཚུལ་འབྱོར་གསལ་ལྟར་ན། ཁམས་ནགས་ཤོད་འབྲི་རུའི་ཡུལ་ལྷ་ནགས་ལྷ་ཛམ་བྷ་ལའི་སར་གཏེར་རྫས་འདོན་པའི་ཆེད་དུ་དེ་སྔོན་རྒྱ་མི་འབོར་ཆེན་ཞིག་བྱུང་བ་དེ། ཟླ་༩ ཚེས་༢༣ ཙམ་ལ་ས་གནས་བོད་མི་སྟོང་ཕྲག་བདུན་བརྒྱད་ཙམ་འདུ་འཛོམས་ཀྱིས་ཕྱིར་འབུད་བྱེད་ཐུབ་འདུག་ཀྱང་། བདུན་གཅིག་ཙམ་མ་འགོར་བར་བོད་རང་སྐྱོང་ལྗོངས་ནས་དམར་ཕྱོགས་ཚོགས་པའི་དྲུང་ཆེ་ཀྲང་ཆི་ལི་ཡིས་ཆོག་མཆན་ཡོད་པའི་ཡི་གེ་ཁྱེར་ནས་དམག་མི་གྲངས་མང་ཞིག་དང་མཉམ་དུ་ཕྱིར་སླེབས་འདུག
སྔོན་མ་འདུ་འཛོམས་བྱུང་བའི་ནང་ནས་ཁ་བྲལ་བའི་ལས་འགུལ་སྤེལ་མཁན་རེད་འདུག་ཟེར་ནས་ད་ལྟ་མི་བཅུ་གྲངས་འཇུ་བཟུང་བྱས་ཚར་འདུག།དེ་རྣམས་ལོ་གསུམ་ནས་བཞིའི་བར་ལ་ཐག་གཅོད་བྱེད་རྒྱུ་ཡིན་ཚུལ་ལབ་ཀྱི་འདུག།ད་ལྟ་གྲོང་ཚོ་རྣམས་ཀྱི་ནང་དུ་མི་ཚང་མ་འཚོགས་འདུ་བསྡུས་ནས་ད་ལྟའི་ལས་འགུལ་འདི་རྒྱལ་མོ་དངུལ་ཆུ་ལ་ཟམ་པ་རྒྱག་པའི་ཆེད་དུ་རེད། དེ་ལ་གཏོར་གཤིགས་ཀྱི་ལས་ཀ་བྱེད་མཁན་འདུག་ན་ཏཱ་ལའི་རུ་ཚོགས་ཀྱི་ལྐོག་ཇུས་འོག་རྒྱ་བོད་ཁ་བྲལ་བྱེད་མཁན་ཁོ་ན་ལ་ངོས་འཛིན་བྱས་ནས་གང་བྱས་སོང་མིན་མཐོང་གི་རེད་ལབ་འདུག།དོན་རྐྱེན་འདིའི་སྐོར་ལ་སྐད་ཆ་ཚིག་གཅིག་ལབ་ན་ཁ་བྲལ་རིང་ལུགས་པའི་ལང་ཕྱོགས་འཛིན་མཁན་ཁོ་ན་ལ་ངོས་འཛིན་བྱེད་རྒྱུ་ཐག་ཆོད་པ་དང་ཆོག་མཆན་ཡོད་ལབ་འདུག
དམག་མི་རྣམས་ཉིན་མཚན་མེད་པར་མཚོན་ཆ་གྲྭ་སྒྲིག་བྱས་ནས་བསྡད་འདུག་ལབ་ཀྱི་འདུག།གཅིག་བྱས་ན་ཁྲག་གི་ཡུལ་ཆུ་འབབ་ས་རེད་འདུག།འཛམ་གླིང་ཡུལ་གྲུ་གང་སར་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་དྲག་གནོན་འོག་ལ་ཅི་བྱ་གཏུལ་མེད་དུ་གྱུར་པའི་བོད་མི་འདི་རྣམས་ཀྱིས་སྐྱབས་འཇུག་དང་ལམ་སྟོན་གནང་རོགས་ལབ་ཀྱི་འདུག།ད་ལྟ་མི་དམངས་རྣམས་ཕན་ཚུན་བར་འབྲེལ་གཏུགས་དང་འགྲོ་དབང་བྱ་ས་མེད་པའི་གནས་ཚུལ་འོག་ལ་ཁ་ནས་སྐྱབས་འགྲོ་འདོན་པ་ལས་ཐབས་ལམ་གང་ཡང་རགས་ཀྱི་མི་འདུག་ཅེས་བོད་ནས་མིང་ཤོད་འདོད་མེད་པ་ཞིག་འགྲེལ་བརྗོད་གནང་སོང་།།
{jcomments on}
