༧གོང་ས་མཆོག་ཞི་བའི་དུས་སྟོན་དུ་ཆིབས་སྒྱུར་གནང་འཆར།
ཟླ་སྔོན་མའི་ཚེས་༣༠ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༡༠ ཉིན་༸གོང་ས་མཆོག་རྒྱ་གར་མ་ཧཱ་རཱ་ཤི་ཏའི་མངའ་སྡེའི་གྲོང་ཁྱེར་པུ་ནེའི་ནང་ཆིབས་བསྒྱུར་གྱིས་ཞི་བའི་དུས་སྟོན་གྱི་མཛད་སྒོ་དབུ་འབྱེད་མཛད་འཆར་ཡོད་པ་དང། དུས་སྟོན་དེ་ཏེ་ཇི་གྱཱན་ཞེས་པའི་ཚོགས་པའི་ངོས་ནས། ཕྱི་ལོ་ ༢༠༡༠ ལོར་འཛམ་གླིང་ནང་ཞི་བདེ་སྤེལ་ཐབས་གནང་བའི་ལས་འགུལ་གྱི་ཆ་ཤས་ཤིག་ཡིན་འདུག ༧གོང་ས་མཆོག་ཆིབས་སྒྱུར་གནང་བ་དང་བསྟུན་ནས། ཚོགས་པ་དེའི་གོ་སྒྲིག་འོག་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་༥༠ ཙམ་གྱི་ནང་། ཞི་བདེའི་ཉིན་མོ་སྲུང་བརྩི་ཞུ་འཆར་ཡོད་འདུག
དེ་ཡང་ཐོག་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཞི་བའི་ཉིན་མོ་དབུ་འབྱེད་མཛད་རྒྱུ་དང། ༸གོང་ས་མཆོག་གིས་རྒྱལ་ཁབ་ཕན་ཚུན་དབར་ཞི་བདེ་བསྐྲུན་ཐབས་ཞེས་པའི་བརྗོད་གཞིའི་ཐོག དབུ་འབྱེད་མཛད་སྒོའི་བཀའ་སློབ་བསྩལ་འཆར་ཡོད་པ་དང། གོ་སྒྲིག་པ་ཚོས་མཛད་སྒོ་དང་བཀའ་སློབ་ཉན་མཁན་མི་མང་གྲངས་༡༠༠༠༠༠ ལྷག་ཙམ་འཛོམས་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་པ་དང། ད་དུང་རྒྱ་གར་གྱི་གནད་ཡོད་མི་སྣ་ལྕམ་ཀི་རན་བྷེ་ཊི་དང་། སྐུ་ཞབས་ཝི་ཇེ་བྷཏ་ཀར། སྐུ་ཞབས་མ་ཇུམ་ཌཱར་བཅས་ཀྱང་ལྷན་བཞུགས་གནང་འཆར་ཡོད་པ་དང། དབུ་འབྱེད་མཛད་སྒོ་སོགས་བརྙན་ཕྲིན་ནང་ཐད་ཀར་རྒྱལ་ཡོངས་སུ་རྒྱང་སྲིང་གནང་འཆར་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།
{jcomments on}
