ཡོངས་གླིང་སློབ་མའི་དཔེ་ཁུག་འོས་གཞིས་ཁེངས་འདུག
གལ་སྲིད་ཕ་མ་གཉིས་དབུས་གཙང་ཡིན་ན་ཕལ་ཆེར་འདི་བླུགས་རྒྱུ་རེད་ཅེས་བརྗོད་བྱུང། དེ་ནས་ཕྱིར་ཡོང་སྐབས་དབུས་གཙང་ནས་ཡིན་པའི་སྨན་པ་ཞིག་ཐུག་སོང་བས། ཁོང་གིས་ཀྱང་ཡོངས་གླིང་སློབ་གྲྭའི་དཔེ་ཁུག་ནས་ཐོན་པའི་འོས་གཞི་དེ་འཁྱེར་འདུག ངས་མ་ཤེས་པའི་ཁུལ་གྱིས་དེ་གང་རེད་ཅེས་བྲིས་པས། ཁོང་གིས། འདི་ནི་སློབ་མ་ཚོའི་ཕ་མ་ལ་བཙན་སྐུལ་བྱས་པའི་འོས་གཞི་རེད་ཅེས་བརྗོད་བྱུང། ངས་ངེས་པར་དུ་འདི་བླུགས་དགོས་དོན་མེད་སོ་སོས་འདེམས་ཁ་བྱེད་ན་འགྲིག་གི་རེད་པཱ་ཞེས་ཞུས་པས། ཁོང་གིས། དངོས་གནས་བྱེད་ན་རང་དབང་རེད། ཡིན་ནའང་དེང་སྐབས་མི་ཚོས་བཀའ་སྤྱི་གལ་ཆེ་རབས་བརྗོད་བཞིན་ཡོད་ཀྱང། འོས་བླུགས་པའི་སྐབས་གྲ་སྒྲིག་མེད་མཁན་མང་པོ་ཡོད། ཡིན་ནའང་འོས་གཞི་འདི་ཕྲུ་གུའི་དཔེ་ཁུག་དང་མཉམ་དུ་རང་ཁྱིམ་དུ་ཡོང་ཡོད་པས་ཁྱབ་བསྒྲགས་གནད་ལ་འཁེལ་འདུག དེ་བཞིན་སློབ་མ་ཚོ་ཆུང་ཆུང་ཤ་སྟག་རེད་ལམ་བར་ཆེད་དུ་གཡུགས་པ་སོགས་ནི་བྱེད་ཀྱི་མ་རེད་ཅེས་བརྗོད་བྱུང། དངོས་གནས་ཁྱབ་བསྒྲགས་བྱེད་སྟངས་དེ་མ་འདྲ་བ་ཞིག་རེད་འདུག སྲང་ལམ་ཁག་ཏུ་ཁྱབ་བསྒྲགས་ག་ཚོད་སྦྱར་ཡོད་རུང་དོ་སྣང་བྱེད་མཁན་ཉུང་ཉུང་ཡིན་པ་དང། དེའི་ཐོག་དེང་སྐབས་སྦྱར་མཁན་ཤིན་ཏུ་མང་བས། ག་བ་ནས་འགོ་བཙུགས་ནས་ཀློག་དགོས་པ་དང་རང་ཉིད་དང་འབྲེལ་བའི་འོས་གཞི་གང་ཡིན་ཤེས་དཀའ་བ་ལྟ་བུ་ཆགས་འདུག