༧གོང་ས་མཆོག་ཉི་ཧོང་དུ་ཕེབས་འཆར།

ཟླ་བ་སྔོན་མའི་ཚེས་༢༩ ཉིན་ཉི་ཧོང་གི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། འཛམ་གླིང་ནང་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཚོས། སྔོན་དུས་དམག་ཆེན་གཉིས་པའི་སྐབས་ཨ་རིས་དུག་རླངས་ཅན་གྱི་འབར་རྫས་གཡུགས་ཡུལ་ཧི་རོ་ཤི་མཱའི་ནང་། འཆར་ཟླའི་ཚེས་༡༢ ནས་༡༤ བར་ཞི་བདེའི་ལྷན་ཚོགས་ཤིག་ཚོགས་འཆར་ཡོད་པའི་ནང། ༧གོང་ས་མཆོག་ཆིབས་སྒྱུར་གནང་རྒྱུ་ཡིན་པ་དང། ལྷན་ཚོགས་དེའི་དམིགས་ཡུལ་གཙོ་བོ་ནི། འཛམ་གླིང་ནང་ཞི་བདེ་ཁྱབ་སྤེལ་ཇི་ལྟར་གཏོང་ཐབས་སྐོར་ལ་བཀའ་གྲོས་གནང་རྒྱུ་ཡིན་པ་རེད།

དེ་བཞིན་འཆར་ཟླའི་ཚེས་༡༣ ནས་༡༤ བར་ཉི་ཧོང་གི་ས་ཁུལ་ཡཱོ་ཀཱོ་ཧ་མའི་ནང། ཨེ་ཤ་ཡའི་དཔལ་འབྱོར་མཉམ་འབྲེལ་ལྷན་ཚོགས་ཐོག རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡོང་འཆར་ཡོད་པས། ༧གོང་ས་མཆོག་དང་རྒྱ་ནག་གི་སྲིད་འཛིན་ཧུའུ་གཉིས། ཉི་ཧོང་དུ་ཕེབས་པར་དུས་གཅིག་ལ་འཁེལ་ཡོད་པ་རེད། དེར་བརྟེན་༧གོང་ས་མཆོག་རྒྱལ་ཁབ་གང་དུ་ཕེབས་རུང། རྒྱ་ནག་གི་དཔོན་རིགས་ཚོ་ཁོང་ཁྲོ་ལངས་པ་དང་ངོ་རྒོལ་བྱེད་པ་ནི་རྒྱུན་ལྡན་ལྟར་ཡིན་པ་དང། ད་ཐེངས་ཉི་ཧོང་དང་རྒྱ་ནག་གཉིས་དབར་མཚོ་གླིང་གི་གླེང་རྙོག་དང། དེ་བཞིན་རྒྱ་ནག་གི་ཉ་འཛིན་མཚོ་གྲུ་ཉི་ཧོང་གིས་བཀག་འགོག་བྱས་པ་སོགས། རྒྱ་ནག་དང་ཉི་ཧོང་གཉིས་དབར་འབྲེལ་ལམ་སྔར་ལས་སྡུག་ཏུ་འགྲོ་བཞིན་ཡོད་པ་རེད།

ཉི་ཧོང་གཞུང་གིས་ཞི་བདེའི་ལྷན་ཚོགས་དེའི་ནང། ཨ་རིའི་སྲིད་འཛིན་ཨོ་བྷ་མ་ལྷན་ཞུགས་གནང་ཐུབ་པའི་རེ་བ་བྱེད་བཞིན་ཡོད་པ་དང། ཁོང་ནི་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཙམ་མིན་པར། སྟོབས་ཆེན་རྒྱལ་ཁབ་ཀྱི་སྲིད་འཛིན་ཡིན་པས་འཛམ་གླིང་གི་རྒྱལ་ཁབ་ཁག་གིས། ཚོང་འབྲེལ་སོགས་ལ་དམིགས་ནས་སྲིད་འཛིན་ཨོ་བྷ་མའི་ལངས་ཕྱོགས་དང་། ཁོང་གིས་ཆབ་སྲིད་སྐྱོང་སྟངས་དང་ཞི་བདེ་ལ་རེ་བ་བྱེད་བཞིན་པ་བཅས། འཛམ་གླིང་ནང་ཁྱབ་སྤེལ་འགྲོ་ཐུབ་པའི་རེ་བ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།

{jcomments on}