དངོས་མེད་རྫུན་བསྒྲིགས་ཀྱིས་མཐའ་མི་འཁྱོལ།

དེ་ནི་ད་ལྟའི་བོད་གངས་ཅན་པའི་གཟི་བརྗིད་ཡིན་ལ།

དུས་རབས་འདིའི་མུན་སེལ་གྱི་སྒྲོན་མེ་སྲིད་ན་མཐོ་བ་ཞིག་ཀྱང་ཡིན།

སྔོན་ཚེའི་བཙན་པོའི་སྟོབས་ལས་བྱུང་བའི་མཚན་སྙན་གཟི་བརྗིད་དེ་ཁོ་ནས་ངོམས་ཤིང་ཚིམས་ཏེ་སྡོད་པ་དང་མི་འདྲ།

དེང་རབས་ཀྱི་ལེགས་ཆ་མ་མཐོང་ཞིང་སྔོན་བསྐྱོད་ཀྱི་སྤོབས་པ་མེད་པར།

ལེ་ལོ་དང་སྒྱིད་ལུག

བག་འཁུམས་དང་རྙིང་ཞེན།

བླུན་རྨོངས་དང་དཔའ་ཞུམ་པའི་འཆིང་རྒྱ་མཐའ་དག

རྨང་ནས་གཏོར་ཏེ་བོད་གངས་ཅན་པ་ལ་སྣང་བ་གསར་པ་ཞིག་གི་སྣེ་ཁྲིད་མཛད།

དུས་དེ་ནས་བཟུང་འཛམ་གླིང་འདིའི་ནང་སྐད་དྲག་གཟི་བརྗིད་ཅན་གྱི་གཟེངས་རྟགས་ཕལ་མོ་ཆེ་རིམ་པར་བཞེས།

མཁས་དབང་གི་ཕྱག་འཁྱེར་ཡང་དུ་མ་ཞིག་འབུལ་མཁན་བྱུང་ཡོད།

བོད་གངས་ཅན་པའི་རྒྱལ་མཚམས་ལས་བརྒལ་བའི་རླབས་ཆེན་གྱི་མཛད་རྗེས་དེ་དག

འཛམ་གླིང་གི་ཆེས་མཐོའི་རི་བོ་ཇོ་མོ་གླང་མའམ་མཐོན་མཐིང་རྒྱལ་མོའི་རི་རྩེ་ནས།

མཐོ་སྒང་བོད་ཆོལ་ཁ་གསུམ་གྱི་ཡུལ་གྲུ་ཀུན་ཏུ་གནས་འཆའ་བའི་བོད་རིགས་རྩམ་ཟན་ཡོད་དོ་ཅོག་གི།

རྨོངས་གཉིད་དཀྲོག་པའི་ཅོང་བརྡ་དང༌།

མུན་པ་སེལ་བའི་སྒྲོན་མེ།

སྔོན་བསྐྱོད་ཀྱི་སྐུལ་ལྕགས།

ཆིག་སྒྲིལ་གྱི་སྲོག་ཤིང་དུ་གྱུར་ཡོད།

གཉིས།

དུས་རབས་འདིའི་ལོ་རབས་བདུན་པར་སླར་ཡང༌།

ཨ་རིའི་སྐད་དྲག་རྒྱང་དུ་ཆོད་པའི་རིན་ཆེན་དང་པོའི་གཟེངས་རྟགས་གཅིག་བཞི་བདུན་གྱི་རིན་ཐང་དེ་ཁྱེད་ལ་བསྟབས།

སྐབས་དེར་མང་གཙོ་མཚོན་རྟགས་གོར་དབྱིབས་ཅན་གྱི་ཁང་བཟང་དུ།

སྲིད་འཛིན་ཆེན་མོ་ཇོག་ཆེ་བྷུ་ཤུ་མཆོག་དང༌།

མཁྱེན་རྒྱ་ཡངས་པའི་རྒྱལ་ཡོངས་གྲོས་ཚོགས་གོང་འོག་གི་ཚོགས་གཙོ་དང་མང་གཙོའི་དབུ་ཁྲིད།

འཇུའུ་མི་རིགས་ཀྱི་རླབས་ཆེན་འཐབ་རྩོད་པ་ཨི་ལི་ཝི་སལ།

རླབས་ཆེན་གྱི་སྐུ་མགྲོན་དུ་མ་འདུས་པའི་ལྷན་ཚོགས་ཀྱི་ཚོགས་དབུས་སུ།

བོད་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་དང༌།

ཆོས་ལུགས་ཀུན་གྱི་མཐུན་སྒྲིལ་གྱི་འབྲེལ་ཟམ་འཛུགས་མཁན།

མི་རིགས་ཅི་འདྲ་ཞིག་ཡིན་ཡང་ཆོས་དང་རིག་གཞུང་ཉམས་ཆག་འགྲོ་བཞིན་པ་སྲུང་སྐྱོབ་ཀྱི་འབད་བརྩོན་བྱེད་མཁན།

འཇིག་རྟེན་སྤྱི་ཡོངས་ལ་འགན་འཁུར་དང་གོ་རྟོགས་སྤེལ་མཁན།

འཛམ་གླིང་སྤྱི་དང༌། སྒོས་སུ་ཨ་རིའི་ནང་ཆོས་ཀྱི་དབུ་ཁྲིད་སོགས།

མགྲིན་གཅིག་དབྱངས་གཅིག་གིས་ངོས་འཛིན་དང་གུས་བཀུར་ཞུས་པ།

གོ་ལ་ཧྲིལ་པོའི་འཇིག་རྟེན་པ་ཡོངས་ལ་ཉི་འོད་བཞིན་དུ་དུས་གཅིག་ཏུ་ཁྱབ་པས་སླར་ཡང་ཆོས་དད་རང་མོས་དང༌།

འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་སྐད་གསང་མཐོན་པོའི་འབོད་སྒྲ་ནུས་ཤུགས་ལྡན་པ་ཞིག་ཏུ་གྱུར།

གསུམ།

ཀྲུང་གོའི་དཔོན་རབས་བཞི་པའི་དཔོན་རིགས་ཚོས།

ཁྲོན་པའི་སྦལ་པས་ཁྲོན་པར་སྒྲོ་འདོགས་དང་རྒྱ་མཚོར་གཞི་མེད་སྐུར་འདེབས་བྱེད་པ་ལྟར།

སྐྱེས་བུ་ཆེན་པོའི་མཁྱེན་བརྩེ་ནུས་གསུམ་གྱི་རྒྱ་ཆེ་བའི་ཡོན་ཏན་མ་མཐོང་བར།

ཚད་མེད་པའི་སྐྱོན་བརྗོད་ཀྱིས་ཉམས་ཉེས་ཚབ་ཆེན་བསགས་པར་བརྟེན།

གསུམ་གཅིག་ཐིག་གི་མི་མང་སྒེར་ལངས་ཆེན་མོའི་ཡོ་ལང་གི་རླབས་ཤུགས།

སྔར་བྱུང་མྱངས་མེད་པ་ཞིག་དུས་རབས་འདིའི་ལོ་རབས་བརྒྱད་པར་བྱུང་དང་འབྱུང་བཞིན་ཡོད།

ཤ་རུས་གདུང་རྒྱུད་གཅིག་པའི་གངས་ཅན་གྱི་བོད་པ། ཁྱོད་ཚོ།

རྡོག་རྩ་གཅིག་སྒྲིལ་གྱིས་ཤིག་རིས་སུ་བཅད་དེ་ཁ་གྱེས་མི་རུང༌།

ཞི་བའི་ལས་འགུལ་མུ་མཐུད་སྤོལ་ཅིག་ཅི་ཡང་མི་སྙམ་པར་བསྐྱུར་མི་རུང༌།

གོ་བདེ་བའི་རྩོམ་ཡིག་བྲིས་ཤིག་སྡེབ་ཚིག་མཁྲེགས་པའི་དགོས་པ་མེད།

བྱ་དཀའ་བའི་ལས་ལ་འབོད་ཅིག་སྐྱིད་སྡོད་ཀྱིས་དོན་མི་འགྲུབ།

དངོས་མིང་བྲིས་ཤིག་སྨྱུག་མིང་བེད་སྤྱོད་པའི་དུས་ཚོད་མིན།

དངོས་ཐོག་བདེན་འཚོལ་གྱིས་ཤིག་དངོས་མེད་རྫུན་བསྒྲིགས་ཀྱིས་མཐའ་མི་འཁྱོངས།

ཕན་ཚུན་བགྲོ་གླེང་བྱོས་ཤིག་གཅིག་བཤད་བརྒྱབས་པས་གོ་རྟོགས་སྤེལ་མི་ཐུབ།

ད་རན་སོང་ཡ། རན་སོང༌།

ལོ་གསར་ཚེས་གཅིག་གི་སྐྱ་རེངས་ཤར་སོང༌།

ཞོགས་ཉལ་རྒྱག་ག་ལ་རུང༌།

ལོངས་ཤོག་བོད་མི་ཚོ།

ནམ་ལངས་རན་སོང༌།

ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༩ ཞོགས་པ་ཕྱག་ཚོད ༢ ཐོག་བྲིས།