ཆོས་སྲིད་ཟུང་འབྲེལ་སྐོར་གླེང་བ།
དེ་ཡང་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམ་པས་འབངས་རྣམས་ལ་རང་རང་གི་ཐོབ་ཐང་སྤྲོད་པ། འབངས་དང་རྒྱལ་ཁབ་ཀྱི་དངོས་རྫས་ལྐོག་ཟ་མི་བྱེད་པ། ཚུལ་མིན་གྱི་ཁྲལ་མི་བསྡུ་བ། རང་ཕྱོགས་རྣམས་ཚུལ་དང་མི་མཐུན་པའི་གོ་གནས་དང་ཐོབ་ཐང་མི་སྤྲོད་པ། གཞན་ཕྱོགས་ལ་ལྷག་བསམ་དང་ཕན་སེམས་ལྡན་པ། ལྐོག་རྔན་ཡོད་མེད་ལ་མི་ལྟ་བར་གནས་ལུགས་ཡོད་མེད་བལྟ་བ་སོགས་ལས་རྒྱུ་འབྲས་དང་མི་མཐུན་པ་ཐམས་ཅད་སྤངས་ནས་འབངས་རྣམས་ལ་ལྷག་བསམ་ཟོལ་མེད་དང་། དྲང་བདེན་གྱི་བྱ་བ་སྒྲུབ་པའི་གཞུང་འཛིན་པ་ཞིག་གིས་ཁྲིམས་ཀྱིས་དབང་སྒྱུར་ལ་མི་ལྟོས་པ་དམ་པའི་ཆོས་ཀྱི་བསླབ་བྱ་དང་མཐུན་པའི་དྲང་བདེན་གྱི་ཐོག་ནས་རྒྱལ་ཁབ་དེའི་སྲིད་སྐྱོང་བ་ཞིག་བྱུང་ན་དེ་ནི་ཆོས་སྲིད་ཟུང་འབྲེལ་དངོས་གནས་དེ་ཡིན་པ་རེད། དེ་ལྟ་བུ་ཡོང་བ་ལ་ད་ལྟའི་དུས་སྐབས་འདིར་མང་གཙོའི་ལམ་ལུགས་ལ་བརྟེན་ནས་རྒྱལ་གཅེས་དྲང་བདེན་གྱི་ཐོག་ནས་མི་མང་གིས་ཆོས་སྲིད་གཉིས་ལ་གོ་རྟོགས་ཡོད་ཅིང་། དྲང་ཚུགས་ལྡན་པའི་གཞུང་འཛིན་པ་ཞིག་བསྐོ་གཞག་བྱེད་དགོས་པ་ནི་མེད་དུ་མི་རུང་བའི་ཆ་ཅན་ཞིག་རེད། ང་ཚོའི་མི་མང་གི་ཐད་ཀ་འབྲེལ་བ་ཡོད་པའི་བཀའ་སྤྱི་གཉིས་ཀྱི་འོས་བླུག་ལ་ཉེ་བའི་སྐབས་འདིར་ཚང་མས་རྒྱལ་གཅེས་དྲང་བདེན་གྱི་ཐོག་ནས་ཆེད་ཉམས་ཕྲ་བའི་དུས་སྐབས་འདིར། ཆོས་སྲིད་གང་གི་ཐད་ལ་མཁྱེན་རྒྱ་ཡངས་ཤིང་ལྷག་བསམ་ཟོལ་མེད་དྲང་ཚུགས་ལྡན་པ་ཞིག་ང་ཚོའི་གཞུང་འཛིན་པའི་གོ་གནས་ལ་བསླེབ་ཐུབ་པའི་སྒོ་གང་ས་ནས་འབད་བརྩོན་ལྷོད་མེད་གནང་གལ་ཆེ། དེ་ལྟ་བུ་གཞུང་འཛིན་པ་ཞིག་གི་ཆོས་སྲིད་ཟུང་འབྲེལ་གྱི་ཐོག་ནས་རྒྱལ་སྲིད་སྐྱོང་བ་དང་ཡང་ན་ཡང་དག་པའི་ཁྲིམས་ཀྱིས་དབང་སྒྱུར་གྱི་ཐོགས་ནས་རྒྱལ་སྲིད་སྐྱོང་བ་གང་རུང་ཞིག་མ་བྱུང་ན། རྒྱལ་ཁབ་དང་མི་མང་གི་དངོས་རྫས་ལྐོག་ཟ་དང་ཕྱོགས་ལྷུང་འཐེན་ཁྱེར་གྱི་གཡང་ས་ནས་དུས་ནམ་ཡང་ཐར་ཐབས་མེད་པ་ཞིག་རེད། དེ་འདྲ་སོང་ང་ཚོའི་གཞུང་འདི་རྒྱལ་ཁབ་དང་མི་མང་གི་དངོས་རྫས་ལྐོག་ཟ་དང་ཕྱོགས་ལྷུང་འཐེན་ཁྱེར་གྱི་གཡང་ས་ནས། ཐར་དགོས་ན་ད་ལྟའི་གནས་སྐབས་འདིར་ཡང་དག་པའི་ཁྲིམས་ཀྱི་དབང་སྒྱུར་གྱི་ཐོག་ནས་གཞུང་འཛིན་པ་ཤིན་ཏུ་ནས་དཀའ་བས་ཆོས་སྲིད་ཟུང་འབྲེལ་གྱི་ཐོག་ནས་གཞུང་འཛིན་ན་མ་གཏོགས་ཐབས་གཞན་མེད་པ་ཞིག་ཏུ་མངོན།།