ཟླ་འདིའི་ཚེས་གསུམ་ཉིན་གྱི་བོད་རྒྱལ་ཡོངས་འོས་བསྡུ་ཆེན་མོ།

1_election3_spe_2010དེ་རིང་བོད་རྒྱལ་ཡོངས་འོས་བསྡུ་ཆེན་མོ་ཡིན་པ་དང། བོད་མི་གནས་སྡོད་བྱེད་སའི་ས་གནས་གང་སར་བྲེལ་འཚུབ་ངང་འོས་བླུག་ཏུ་འགྲོ་མཁན་སྔར་ལས་མང་པོ་བྱུང་འདུག  ཞོགས་པ་དེར་གནམ་གཤིས་དྭངས་ཤིང་གསལ་ལ། ཞོགས་པའི་ཉི་གཞོན་ཤར་བ་དང་མཉམ་དུ་འོས་བླུག་སར་འགྲོ་བཞིན་འདུག་ལ། སྔ་པོ་ནས་འབྲེལ་ཡོད་ཕན་ཚུན་བར་འོས་བླུག་ཏུ་འགྲོ་དགོས་པའི་བརྡ་ལན་སྐྱེལ་རེས་བྱེད་ཀྱི་འདུག ང་ཡང་སྔ་དྲོའི་ཆུ་ཚོད་དགུ་པ་ཙམ་ལ་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ཏུ་བསྐྱོད་པ་ཡིན། དེར་འོས་བླུག་སའི་ས་གནས་གཅིག་གོ་སྒྲིག་ཡོད་པའི་སྒོ་ཆེན་ཁར་འབྱོར་སྐབས་མི་མང་ཧ་ཅང་འཚང་ཁ་ཆེ་བ་དང། རྒྱ་གར་སྐོར་སྲུང་བ་དྲུག་བདུན་ཙམ་གྱིས་མི་མང་བང་རིམ་ལྟར་བྱས་ནས་གཏོང་བ་ལས། འཚང་ཁ་རྒྱག་མཁན་རིགས་བཀག་འགོག་ཤུགས་ཆེན་བྱས་ཏེ་རོགས་རམ་བྱེད་ཀྱི་འདུག ང་དང་གསར་འགོད་པ་ཁག་ཅིག་མི་མང་འཚང་ཁའི་ཁྲོད་ནས་ནང་དུ་འཛུལ་ཐབས་བྱས་ཀྱང་། ཡུན་རིང་མ་སྒུག་ན་དངོས་སུ་དངོས་བླུག་སར་བསྐྱོད་ཐབས་བྲལ། སྒོ་ཆེན་གཡོན་ཏེ་མི་མང་མར་ཡོང་ས་བརྒྱུད་དེ་ང་ཚོ་གསར་འགོད་པ་ཁག་ཅིག་ཡར་བསྐྱོད་སྐབས། སྒོ་སྲུང་དེའི་གོང་རིམ་ལ་ཁ་པར་བཏང་རྗེས་ང་ཚོ་སྔོན་དུ་བསྐྱོད་ཆོག་པའི་བཀའ་འཁྲོལ་ཐོབ་སོང་། བཙན་བྱོལ་བོད་གཞུང་མང་གཙོའི་གཞུང་དུ་བསྒྱུར་ནས་ལོ་ལྔ་བཅུ་འཁོར་བའི་སྐབས་འདིར་མི་མང་ལ་འོས་ཤོག་བླུག་རྒྱུའི་ཤེས་ཚད་ཀྱང་མི་དམན་ཙམ་ཡོད་པ་མཚོན་གྱི་འདུག

12_election3_spe_2010གཙུག་ལག་ཁང་གི་ནང་དུ་སླེབས་སྐབས་ཆོལ་ཁ་གསུམ་དང་ཆོས་བརྒྱུད་ཁག་གི་འོས་བསྡུའི་འགེང་ཤོག་ལེན་ས་སོ་སོར་གོ་སྒྲིག་བྱས་འདུག་ལ། འོས་བླུག་མཁན་ཡང་ཧ་ཅང་མང་པོ་འདུག སྐབས་དེར་པར་རྒྱག་པ་དང་མི་མང་གི་འོས་བསྡུའི་ཆ་ཤས་ལེན་སྟངས་ལ་རྒྱུས་ལོན་བྱས་པ་ཡིན། འོས་བསྡུའི་འགེང་ཤོག་རྒྱོང་ས་མང་པོ་གོ་སྒྲིག་བྱས་འདུག་ལ། དེར་ལྟ་རྟོགས་བྱེད་མཁན་ཡང་མང་པོ་འདུག ལོ་ན་རྒན་པ་ཚོའི་ནང་ཡི་གེ་འབྲི་མི་ཤེས་མཁན་ཡང་མི་ཉུང་བ་ཙམ་ཡོད་པས། སོ་སོས་ཡི་གེ་འབྲི་མཁན་འཚོལ་གྱི་འདུག སྒྲིག་གཞི་ལྟར་ན་མི་གཅིག་གིས་མི་གཅིག་ལས་ལྷག་ལ་མིང་ཐོ་འབྲི་རྒྱུར་རོགས་པ་མི་ཆོག་མོད། ལྟ་རྟོགས་བྱེད་མཁན་ཚོས་རྟོགས་ཞིབ་དེ་ཙམ་ཡག་པོ་མེད་སར་མི་གཅིག་གིས་མི་མང་པོར་མིང་ཐོ་འབྲི་རོགས་བྱེད་བཞིན་འདུག་ལ། ཁག་ཅིག་མཉམ་འཛོམས་ཀྱིས་གྲོས་བསྡུར་ལྟ་བུ་བྱས་ཏེ་འོས་བླུགས་མཁན་ཡང་མང་པོ་ཡོད་པ་དེས་ནམ་རྒྱུན་སྤྱི་ཚོགས་ལ་དོ་སྣང་མེད་པ་དང། སྔོན་ནས་འོས་མི་གྲ་སྒྲིག་མེད་མཁན་ཡོད་པའི་ཚོར་སྣང་ཡང་ཤུགས་ཆེན་ཡོང་གི་འདུག

དེ་བཞིན་འོས་བསྡུའི་འགེང་ཤོག་ནང་དུ་སྤྱི་འཐུས་སྔོན་འགྲོ་འོས་མི་བཅུ་བླུག་སའི་ཨ་གྲངས་བྲིས་འདུག་མོད། 13_election3_spe_2010བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་འོས་བཅུ་བདམས་ན་བུད་མེད་གཉིས་ཡིན་གཅིག་མིན་གཉིས་དགོས་པ་ལྟར། བུད་མེད་གཉིས་ཀྱི་ས་མིག་འགེང་ཤོག་གྱི་གཤམ་དེར་ཆེད་དུ་རེའུ་མིག་ལོག་ཀར་བཟོས་འདུག དེ་མི་མང་གིས་གསལ་པོ་མཁྱེན་ཆེད་དུ་ཡིན་མོད། མི་མང་ལ་བརྡ་ལོག་ཅིག་སྤྲོད་ཀྱི་འདུག དང་ཐོག་སོ་སོའི་གྲ་སྒྲིག་ཡོད་པའི་མི་གྲངས་ཨང་རིམ་བཞིན་བྲིས་ཏེ། ཨང་གྲངས་༨ པར་སླེབས་སྐབས། སོ་སོའི་འོས་མི་གྲ་སྒྲིག་ཡོད་པའི་བུད་མེད་གཉིས་གསུམ་ག་ཚོད་ཡོད་པ་ཚང་མ་སྔོན་དུ་བརྒྱངས་ཚར་བས། གཤམ་གྱི་བུད་མེད་ཀྱི་མིང་ཐོ་འབྲི་སར་སྐྱེས་པ་བྲིས་ན་མ་འགྲིག སྟོང་པར་འཇོག་དགོས་བྱུང་མཁན་མི་ཉུང་བ་ཙམ་ཡོད་པ་འོས་བསྡུའི་རྗེས་གླེང་སློང་བྱེད་ཀྱི་འདུག

ཕོ་སར་ཞིག་གིས་འོས་བསྡུའི་དེབ་སྐྱེལ་བྱས་ཡོད་ནའང། དེའི་ཐོག་དེབ་སྐྱེལ་གྱི་ཨང་གྲངས་འཁོད་མེད་པས། འོས་བསྡུ་ཚོགས་ཆུང་གིས་འོས་བླུག་རྒྱུའི་གོ་སྐབས་ཁོ་ལ་སྤྲད་མ་སོང་། དེ་ནི་ནམ་རྒྱུན་ཐོ་འགོད་བྱེད་མཁན་ཚོས་ནོར་འཁྲུལ་ཆེན་པོ་ཞིག་ཤོར་ཡོད་པ་གསལ་པོ་བྱུང་བ་རེད།

5_election3_spe_2010སྤྱིར་བཏང་ད་ལོ་སྔར་དང་མི་འདྲ་བའི་འོས་བསྡུའི་དེབ་སྐྱེལ་བྱེད་མཁན་མང་དུ་སོང་ནས་བོད་མི་གནས་སྡོད་བྱེད་སའི་མི་མང་ཡོངས་རྫོགས་བསྡོམས་པའི་བརྒྱད་ཁྲི་མ་ཟིན་ཙམ་ཡོད་ནའང་། ས་གནས་ཁག་ཅིག་ཏུ་དེབ་སྐྱེལ་ཡང་དེ་ཙམ་ཡག་པོ་བྱུང་མི་འདུག གྷོལ་པ་པུར་བོད་ཁྱིམ་དང་། པཱ་ཏི་ཀུར་ལག་ཤེས་སློབ་གྲྭ་ལོ་ན་༡༨ ཟིན་པའི་སློབ་མ་མང་པོ་ཡོད་པ་དང། འོས་བསྡུའི་ཚོགས་ཆུང་དེར་དེབ་སྐྱེལ་ཆེད་དུ་བསྐྱོད་སྐབས། འཛིན་གྲྭ་འཚོག་སྐབས་དང་ཁེལ་བའི་འབྲེལ་ཡོད་སློབ་གྲྭའི་ལས་བྱེད་དང་། འོས་བསྡུ་ཚོགས་ཆུང་གིས་དོ་སྣང་བྱེད་མ་ཐུབ་པར། སློབ་མ་མང་པོས་འོས་བསྡུའི་དེབ་སྐྱེལ་བྱེད་ཐུབ་མེད་པ་རེད།

བཙན་བྱོལ་བོད་གཞུང་མང་གཙོར་བསྒྱུར་ནས་ལོ་༥༠ འཁོར་བ་དང། བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་བྱས་ནས་སྐབས་གསུམ་པ། བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་པར་ཁེལ་ཡོད་པས། འོས་བསྡུའི་ནང་མཉམ་ཞུགས་དགོས་པའི་ལས་འགུལ་གཞུང་སྒེར་ཚང་མས་སྤེལ་ཡོད་ལ། ཕན་འབྲས་ཀྱང་མི་དམན་ཙམ་ཐོབ་ཡོད། བོད་གཞུང་གི་མཐོ་རིམ་མི་སྣ་བཀའ་བློན་ཁྲི་པས་དབུས་བཀའ་བློན་དང་སྤྱི་འཐུས་རྣམ་པ། དེ་བཞིན་གཞུང་ཞབས་དང་མི་མང་སོགས་ཀྱིས་འོས་བསྡུར་དོ་སྣང་ཤུགས་ཆེན་བྱས་ཏེ་འོས་བླུག་སར་སླེབས་ཡོད་ནའང་། ད་དུང་འཐུས་ཤོར་སོང་བའི་རིགས་ཀྱང་གཞུང་དང་མི་མང་གཉིས་ངོས་ནས་བྱུང་ཡོད་པ་རེད།།

{jcomments on}