ཆོས་སྲིད་ཟུང་འབྲེལ་གྱི་གནས་ལུགས་བཤད་པ།
འོན་ཀྱང་བོད་ནང་གི་ཤེས་ཡོན་ཅན་མི་ཉུང་བ་ཞིག་གིས་ཆོས་སྲི་ཟུང་འབྲེལ་ཐུགས་ལ་མི་བདེ་བ་ཡོད་ཚུལ་གསུངས་པ་དེ་སྔར་གྱི་བྱུང་རབ་ལ་གཞིགས་ནས་བླ་དྲག་མི་དྲག་འགའ་ཞིག་གི་ཆོས་སྲིད་ཟུང་འབྲེལ་ཁ་ལ་ཁྱེར་ནས་ཆེས་ངན་པའི་བྱ་སྤྱོད་ལ་ཐུགས་ལོག་པར་ལས་གོང་ཞུས་ཆ་ཅན་དེ་རྣམས་ཚང་བའི་འོག་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ནས་རྒྱལ་སྲིད་ཆོས་བཞིན་སྐྱོང་བ་ཞིག་ལ་གཏན་ནས་མིན་པར་བསྙམས། ཁྱེད་རང་གིས་ཆོས་སྲིད་ཟུང་འབྲེལ་ལས་ཆོས་ལུགས་རིས་མེད་ཞེས་བཅའ་ཁྲིམས་ནང་འཁོད་ན་ལེགས་ཚུལ་གསུངས་པ་དེ་རྒྱུ་མཚན་གང་ཡིན་ནམ། མཁས་དབང་ཉན་ཤུལ་མཁྱེན་རབ་འོད་གསལ་ཀྱིས་ཆོས་སྲིད་ཟུང་དུ་འབྲེལ་ན་གཉིས་ཀའི་ནུས་པ་ཉམས་ཚུལ་གསུངས་པ་དེ་ཚེ་འདི་བློསགཏང་གྱིས་ཆོས་བྱེད་པ་དང་ཚེ་འདིའི་དོངས་པོ་ཡར་རྒྱས་ཁོ་ནའི་ཆེད་སྲིད་སྐྱོང་བ་གཉིས་ཟུང་དུ་འབྲེལ་ན་དེ་གཉིས་ནུས་པ་ཉམས་ཚུལ་གསུངས་ལས་གོང་ཞུས་ཆོས་སྲིད་ཟུང་འབྲེལ་དེ་ལྟ་བུ་ལ་གཏན་ནས་གསུང་པ་མིན་ཏེ། ཆོས་ཀྱི་སློབ་གསོ་དང་འབྲེལ་བའི་སྲིད་སྐྱོང་ན་གཅིག་ཕན་གཅིག་གྲོགས་སུ་འགྲོ་བ་ལས་གཅིག་གི་ནུས་པ་གཅིག་གིས་འཇོམས་པ་གཏན་ནས་མེད་པའི་ཕྱིར། ཆོས་སྲིད་གཉིས་ཀའི་ཐོགས་ལ་གོ་བ་གཏེང་ཟབ་མེད་པ་ཞིག་གི་བལྟས་ན་དེ་གཉིས་ཟུང་དུ་འབྲེལ་ན་འགལ་བ་ལྟ་བུ་སྣང་ཡང་ཆོས་སྲིད་ཀྱི་ཐོགས་ལ་མཁྱེན་རྒྱ་ཡངས་པ་ཞིག་གིས་བལྟས་ན་དེ་གཉིས་མི་འགལ་བ་མ་ཟད་གཅིག་གི་ནུས་པ་གཅིག་ལ་བརྟེན་ནས་གཉིས་ཀ་གོང་མཐོར་འགྲོ་བའི་ཇུས་ཞིག་རེད། ཆོས་སྲིད་གཉིས་དམིགས་ཡུལ་འགལ་བ་འདོད་པ་དེ་ཡང་མ་ཡིན་ཏེ་སྲིད་ཞེས་པའི་གོ་དོན་ནི་བདེ་བ་སྒྲུབ་ཆེད་དང་སྡུག་བསྔལ་བསལ་ཆེད་དུ་ཐབས་མཁས་ཀྱི་ཇུས་ལ་བརྟེན་ནས་བྱ་གཞག་སྒྲུབ་པ་ཞིག་ལ་གོ་དགོས་ལ་དེ་ནི་ཆོས་ཀྱི་སློབ་གསོ་ཚང་མ་དེ་ཡིན་པའི་ཕྱིར་རོ། འདོད་རྔམ་གྱི་དབང་གིས་གཞན་སྡེ་ཆེས་དུ་བསད་ནས་ཆགས་སྡང་ཕྱོགས་ལྷུང་གི་ངང་ནས་རང་བདེ་སྒྲུབ་པ་དེ་འཇིག་བརྟེན་པས་སྲིད་དོན་ཞེས་གྲགས་ཀྱང་དེ་ནི་ཆེས་ཐ་ཤལ་གྱི་སྲིད་དོན་ཞིག་ཡིན་པ་ལས་དོན་དམ་པའི་སྲིད་དོན་ཞིག་གཏན་ནས་མ་ཡིན་ཏེ་ཐབས་ཇུས་དེས་འཕྲལ་ཕུག་གང་ལ་ཕན་ལས་གནོད་ཆེ་བའི་ཕྱིར་རོ། ཆོས་ཞེས་པ་ཚེ་འདིའི་བྱ་གཞག་ཚང་མ་གཏོར་བཤེགས་གཏང་མཁན་དང་སྲིད་ཞེས་པ་ནི་ཚེ་འདིའི་བྱ་གཞགཁོ་ན་སྒྲུབ་དགོས་པ་ཞིག་འདོད་ན་དེ་ནི་གཏན་ནས་མི་རུང་སྟེ་ཆོས་ཀྱིས་ཕུག་ལྗང་རིང་པོའི་ཚུན་ཆད་ཆེས་རླབས་ཆེན་གྱི་བྱ་གཞག་ཞིག་བསྒྲུབ་པ་ན་ཚེ་འདིའི་བྱ་གཞག་ཚང་མ་ཞར་ལ་འགྲུབ་འོང་བའི་ཕྱིར་རོ། ཡང་ང་ཚོའི་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་དེ་འགྲོན་མགོན་ཆོས་འཕགས་ཚུན་ཆད་དར་ཚུལ་བཤད་པ་དེ་ཡང་མ་ཡིན་ཏེ་རྒྱལ་པོ་སྲུང་གཙན་གྱིས་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་དེ་བོད་མི་ཡོད་དོ་ཅོག་གི་སྲུང་བརྩི་བྱེད་དགོས་པདང་འབྲེལ་བའི་རྒྱལ་ཁབ་ཀྱི་སྲིད་བསྐྱོང་བ་དེ་ཆོས་སྲིད་ཟུང་འབྲེལ་ཡིན་པའི་ཕྱིར་རོ།།