སྒ་སྐྱ་ལོ་སེང་ལྕམ་འབྲུག་མོའི་སྐུ་བརྙན།
བོད་ལྗོངས་ཆ་འཕྲིན་དྲ་བ་གནས་ཚུལ་སྤེལ་བ་ལྟར་ན། ཚེས་༢༥ ཉིན་གྱི་སྔ་དྲོར། འབྲུག་མོའི་སྐུ་བརྙན་བཞེངས་གྲུབ་བྱུང་བའི་མཛད་སྒོ་གཟབ་རྒྱས་ངང་སྤེལ་བ་དང་། མཛད་སྒོའི་སྟེང་། རྒྱ་ནག་སྤྱི་ཚོགས་ཚན་རིག་གླིང་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་དང་རྒྱལ་ཡོངས་གེ་སར་བྱ་བའི་མགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་འབྲི་སྟོད་རྫོང་ལ་འབྲུག་མོའི་ཕ་ཡུལ་དང་། འབྲི་སྟོད་རྫོང་ལ་གེ་སར་སྒྲུང་གི་ངག་ཐོག་རྒྱུད་འཛིན་ཞིབ་འཇུག་རྟེན་གཞི་ཞེས་པའི་བྱང་བུ་གནང་བར་མ་ཟད། འབྲི་སྟོད་རྫོང་ལ་གེ་སར་སྒྲུང་གི་དཔེ་ཆ་སྤྲད་པ་དང་། གེ་སར་སྒྲུང་པས་སྐུ་མགྲོན་དང་མང་ཚོགས་རྣམས་ལ་སྒྲུང་བཤད་པ་རེད་ཅེས་དང་།
འབྲི་སྟོད་རྫོང་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་ཕྱོགས་སུ་ཡོད་པ་དང་། འབྲི་ཆུའི་མགོ་ཁུངས་ཡིན་ལ། གེ་སར་སྒྲུང་རབས་ཆེན་མོ་ཡང་གནས་འདི་ནས་བྱུང་བ་ཡིན་པས། གནས་འདིའི་ག་ས་གང་དུ་གེ་སར་རིག་གནས་ཀྱིས་གཏམས་ཡོད། འབྲི་སྟོད་རྫོང་གིས་སྒ་སྐྱ་ལོའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་། ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་དར་སྤེལ་གཏོང་ཆེད། འབད་བརྩོན་ཆེན་པོས་སྒ་སྐྱ་ལོའི་རིག་གནས་ཀྱི་མཚན་སྙན་རྒྱུན་འཛིན་དང་དར་སྤེལ་བྱས་ཡོད་ཅེས་འཁོད་འདུག
སྒ་སྐྱ་ལོའི་རིག་གནས་ནི་སྒ་སྐྱ་ལོ་ས་ཁུལ་གྱི་ལ་གཞས་དང་། གཏམ་རྒྱུད། གཏམ་དཔེ། གབ་ཚིག་སོགས་ཀྱི་ནང་དོན་གཅིག་ཏུ་འདུས་པའི་རིག་གནས་ཤིག་ཡིན་ལ། གེ་སར་སྒྲུང་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ས་ཁུལ་གཙོ་བོ་ཡིན་པ་དང་། གནས་འདི་ན་གེ་སར་སྒྲུང་གི་རིག་གནས་ཕུན་སུམ་ཚོགས་པོ་ཡོད་ཅེས་སོགས་བཀོད་འདུག །
{jcomments on}
