བལ་ཡུལ་གཞུང་ལ་བཀའ་དྲིན་ཆེ། ང་ཚོར་དགོས་དེ་ཡོད།

ང་ཚོ་ལ་དངོས་ནས་འདི་ལྟར་དྲན་སྐུལ་གཏོང་མཁན་ནི་ལོ་རེ་ནས་ཇེ་མང་དུ་སོང་ན་ཡག་པོ་འདུག ངས་འདི་ལྟར་བཤད་འདོད་འདུག་ལ། དེ་ཡང་གནས་ལུགས་ཤེས་སྟངས་ཤིག་ཀྱང་ཡིན་ཟེར་ན་ཆོག ང་ཚོ་བོད་མི་འདི་དག་གཞན་ས་ནས་སྐྱིད་ཉལ་རྒྱགས་པའི་ལུགས་སྲོལ་ངན་པ་ཞིག་ཆགས་ཡོད་ལ། ལྷག་པར་དུ་བྱེས་སུ་སྐྱེ་ནས་འཚར་ལོངས་བྱུང་མཁན་ཆེས་མི་ཉུང་བ་ཞིག་གིས་རང་ཉིད་ཀྱི་ཕ་མེས་ཡང་མེས་ནས་བརྒྱུད་དེ་འོང་བའི་ཕ་ཡུལ་བོད་ཟེར་བ་ཞིག་ཡོད་པ་ཉིན་མཚན་མེད་པར་དྲན་ཐུབ་ཀྱི་མེད་པ་ཡང་གནད་དོན་དེ་ལ་ཐུག་པ་ཡིན། གནད་དོན་དེ་ཡི་རྐྱེན་པའི་གཞན་གྱི་ས་ཐོག་ནས་ཆོག་མཆན་མེད་པར་ལས་ཀ་གང་ཡིན་ཡང་བྱེད་ཆོག་ཆོག་ལྟ་བུ་ཞིག་དྲན་གྱི་ཡོད་པ་རེད། ད་ནི་འདི་ལྟ་བུའི་བྱ་བ་མང་བོ་ཞིག་བྱུང་ན་འོས་པོ་རེད་ལ། དྲན་སྐུལ་འདི་ཡང་གཞན་ཡུལ་ནས་སྐྱིད་ཉལ་བརྒྱབས་དེ་བོད་མི་ཡིན་ཟེར་མཁན་དེ་དག་གི་སེམས་ཁོང་དུ་ད་གཟོད་བོད་མི་ཟེར་ན་བོད་ས་ལས་འཚོ་སྟངས་ཤིག་རྩོད་ལེན་བྱེད་དགོས་པ་ལས། གཞན་ས་ནས་བོད་མིའི་མི་རབས་ནས་མི་རབས་གནས་ཚང་ཞིག་ཆགས་ཐུབ་མེད་པ་ཤེས་སུ་བཅུགས་པ་རེད། དེང་སང་དྲ་ངོས་གང་སར་མི་མང་བོ་ཞིག་གིས་བལ་ཡུལ་གཞུང་སྐྱོ་བོ་དེ་ལ་སྡིག་དམོད་བྱེད་ཀྱི་འདུག  ངས་སྡིག་དམོད་མི་བྱེད་ལ། ངས་བལ་ཡུལ་གཞུང་དེ་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། གཞུང་སྐྱོ་བོ་དེ་ནི་མངོན་གསལ་དོད་པོའི་སྒོ་ནས་ཕྱི་གསལ་ནང་གསལ་གྱིས་རྒྱ་ནག་སྲིད་གཞུང་གི་མཉམ་དུ་བསྐྱོད་ཀྱིན་ཡོད་པ་འཛམ་གླིང་ཡོངས་དང་། ནང་སྒོས་སུ་བོད་མི་དག་ལ་སྔ་ས་ནས་ཐེངས་མང་བོ་ཞིག་བསྟན་ཡོད་ལ། ཕྱིས་སུ་ཀྱང་དེ་བས་མང་ཙམ་ཞིག་བསྟུན་ངེས་ཡིན། དེ་ནི་བལ་གཞུང་སྐྱོ་བོ་དེ་ཡི་ཆབ་སྲིད་ཀྱི་དགོས་མཁོ་ཉེག་གཅིག་ཆགས་ཡོད་པ་ཡིན། མི་མང་བོ་ཞིག་གིས་བལ་གཞུང་སྐྱོ་བོ་དེ་ཡིས་་དམག་མི་བཏང་ནས་འོས་སྒམ་འཕྲོག་པ་དེ་ལ་སྡིག་དམོད་བྱེད་པ་དང་ཟུར་ཟ་མཐོང་ཆུང་། གཏམ་ངན་འདྲ་མིན་བཤད་ཀྱི་འདུག་ན་ཡང་། རྒྱལ་ཁབ་སྟོབས་ཆེན་དུ་ཡིད་ཆེས་བྱེད་པའི་ཨ་རིའི་སྲིད་གཞུང་གི་སྲིད་འཛིན་གྱི་གཙོ་བའི་སྲིད་འཛིན་མི་ཉུང་བ་ཞིག་གིས་བོད་འདི་རྒྱ་ནག་གི་ཆ་ཤས་སུ་ཁས་ལངས་པ་དེར་སུས་ཀྱང་འཁང་ར་ཤུགས་ཆེན་བྱེད་པ་དང་སྡིག་དམོད་རྒྱུད་མཐུད་བྱེད་མཁན་མི་འདུག་པ་ཅི་རེད། ངའི་སྙིང་གི་ཚབ་མཚོན་བོད་ཀྱི་སྤུན་ཟླ་ཚོ། བལ་ཡུལ་གཞུང་ལ་བཀའ་དྲིན་ཆེ་ཞུས་ན་རེད། ང་ཚོ་ལ་དྲན་སྐུལ་བཏང་བ་རེད། ད་ནི་ང་ཚོ་ལ་སུན་སོང་བ་རེད། ལོ་ངོ་ལྔ་བཅུའི་རིང་དུ་ཁོང་ཚོའི་ས་ཐོག་ནས་སྐྱིད་ཉལ་བརྒྱབས་དེ་མིག་ལ་མ་སོང་བ་རེད། དེ་བབས་ནས་འདུག