བོད་ཀྱི་ཚགས་པར་དེ་ཚོ་སོ་སོའི་ལྟོ་གོས་ཀྱི་ཆེད་དུ་རེད་ཟེར

སྐབས་འདིར་བརྗོད་འདོད་པ་དེ་ཆ་རྐྱེན་གྱི་སྐོར་མིན་ལ། དེ་ནི་འབྲེལ་ཡོད་མི་མང་གིས་བསམ་གཞིག་དང་ཞིབ་འཇུག་བྱེད་དགོས་པ་ཞིག་ཡིན། ཡིན་ནའང་ཆ་རྐྱེན་གཉིས་བཏོན་པ་དེ་སྐབས་དེའི་གསལ་བསྒྲགས་ཡིག་ཆའི་ནང་འཁོད་ཡོད་པས། གསར་འགོད་པས་གསར་བཟོ་བྱས་པ་ཞིག་མ་རེད། དེ་བཞིན་འབྲེལ་ཡོད་སྤྱི་འཐུས་འགའ་རེས་ཆ་རྐྱེན་གཉིས་ལ་ཁས་ལེན་གྱི་མིང་རྟགས་བཀོད་མེད་ཅེས། རྒྱ་གྲགས་བོད་གྲགས་གནང་སོང་། ཆ་རྐྱེན་དེའི་སྐོར་དམངས་ཁྲོད་དུ་གླེང་སློང་ཤུགས་ཆེ་བྱུང་ཡོད་པ་ཙམ་མིན་པ། རྗེས་སུ་མངའ་རིས་ཚོགས་པ་སོགས་ཀྱིས་འོས་གཞི་བཏོན་སྐབས། ཆ་རྐྱེན་གཉིས་དེ་ལ་རྒྱབ་འགལ་ཏག་ཏག་བྱས་ཏེ་བཏོན་ཡོད་པ་རེད། ད་དུང་ཚོགས་པ་དེ་དག་གི་གསར་འགོད་གསལ་བསྒྲགས་སོགས་ཀྱི་སྐབས། ཚིག་ཟུར་ནས་ཆ་རྐྱེན་གཉིས་ལ་་ཟུར་ཟ་དང་དམའ་འབེབས་མང་པོ་བྱས་སོང།

 

བོད་པའི་ཚགས་པར་ནང་ཚོགས་པའི་གསལ་བསྒྲགས་ནང་གང་བྲིས་ཡོད་པ་དང་། གང་བརྗོད་ཡོད་པ་དེ་མི་མང་གི་ཤེས་རྟོགས་ཀྱི་ཆེད་དུ་སྤེལ་ཡོད་པ་རེད། དྲ་རྒྱའི་ནང་བགྲོ་གླེང་ཡོང་གི་ཡོད་པ་དེ། མང་གཙོའི་ཁེ་དབང་རེད་མ་གཏོགས་དེ་གསར་འགོད་པས་དོ་དམ་བྱེད་ཐུབ་པ་ཞིག་མ་རེད་ལ། བྱེད་ཆོག་པ་ཞིག་ཀྱང་མ་རེད། བོད་པའི་སྤྱི་ཚོགས་ནང་ཚགས་པར་གྱི་བརྒྱུད་ལམ་ཉུང་ཉུང་ཡིན་པས། མི་མང་གནས་ཚུལ་མང་པོ་ཞིག་ལ་མགོ་རྨོངས་པ་དང།  ཚགས་པར་ལྟ་ཀློག་གི་གོམས་གཤིས་མེད་པའི་དཀའ་ངལ་འདི་འདྲའི་ཁྲོད་དུ། རྒས་པའི་སྟེང་ལ་རྡོག་རྫིས་ཟེར་བ་བཞིན་ད་དུང་བོད་གཞུང་གི་གནད་ཡོད་མི་སྣ་གཅིག་གིས། དེ་ཚོ་རྒྱ་བསྐྱེད་དང་གསོ་སྐྱོང་གི་བསམ་བློ་མི་བཏང་བར། དེ་ལས་ལྡོག་སྟེ་ཚགས་པར་དེ་ཚོ་ལྟོ་གོས་ཀྱི་ཆེད་དུ་རེད་ཅེས་བཤད་པ་དེ་ནི།  ཤོད་མཁན་མི་ཆེན་པོ་ཞིག་གིས་མི་མང་དང་སྤྱི་ཚོགས་ལ་འགན་གཏན་ནས་མ་འཁུར་བ་ཞིག་རེད་སྙམ།

 

དྷ་རམ་ས་ལ་ཡོངས་གྲགས་སུ་གསར་འགོད་པ་རྣམས་མང་གཙོའི་ཀ་བ་བཞི་པ་དེ་རེད་ཅེས་བརྗོད་བཞིན་པ་འདིའང་ཁ་ཙམ་རེད། ཡང་མོས། བོད་གཞུང་གིས་ཚགས་པར་ནང་ལ་གང་ཡང་བཏོན་ཡོད་པ་མ་རེད་ཅེས་བཤད་ཡོད་པ་རེད། སྐད་ཆ་དེ་མི་མང་འགོ་སྐོར་གཏོང་ཆེད་ཁོ་ནའི་ཆེད་དུ་རེད། བོད་གཞུང་གི་ངོས་ནས་ཚོགས་པ་སྐྱིད་སྡུག་གི་གནས་ཚུལ་རྣམས་ཚགས་པར་སྟེང་འགོད་ཀྱི་ཡོད་མ་རེད་ལ་འགོད་ཆོག་པ་ཞིག་ཀྱང་མ་རེད། བོད་གཞུང་གི་ཚགས་པར་ནང་ཐོན་མ་སོང་ཟེར་གྱི་ཡོན་ན་ནི། བོད་གཞུང་ལ་ཚགས་པར་གཅིག་ཡོད་པ་ནི་བོད་མིའི་རང་དབང་ཞེས་པ་དེ་རེད། དེའི་ནང་གཞུང་འབྲེལ་གྱི་གནས་ཚུལ་འཁོད་པ་ལས་ཚོགས་པ་སྐྱིད་སྡུག་གི་གནས་ཚུལ་ཅུང་ཟད་ཙམ་ཡང་མཐོང་རྒྱུ་མེད། རྒྱུན་ལྡན་ནས་ཚགས་ཤོག་དེའི་གསར་འགོད་པ་རྣམས་གཞུང་འབྲེལ་གྱི་མཛད་སྒོ་སོགས་སུ་ཡོང་བ་ལས། ཚོགས་པ་སྐྱིད་སྡུག་གི་གསལ་བསྒྲགས་ཀྱི་སྐབས་སུ་ཡོང་གི་ཡོད་མ་རེད། དེས་ན་བོད་གཞུང་ཁ་འཁྱེར་ནས་མི་མང་འགོ་སྐོར་བཏང་པ་དེ་ནི་ནག་ཉེས་འདག་ཐབས་མེད་པ་ཞིག་ཡིན་པ་མི་མང་གིས་ཤེས་དགོས།།