རྒྱ་རིགས་ལུའུ་ཞའོ་པོ་ལ་ཞི་བདེའི་གཟེངས་རྟགས་ཐོབ་པ།

དེ་ཡང་ཟླ་འདིའི་ཚེས་༨ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། དགུང་ལོ་༥༤ ལ་ཕེབས་པའི་རྒྱ་རིགས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ། སྐུ་ཞབས་ལུའུ་ཞའོ་པོ་ལ་ནོར་ཝེ་གཟེངས་རྟགས་ལྷན་ཚོགས་ཀྱིས། ལོ་འདིའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་རྒྱུའི་ཐག་གཅོད་གནང་ཡོད་པ་དང། ནོར་ཝེའི་གྲོང་ཁྱེར་ཨོ་སི་ལོ་ནང་གཟེངས་རྟགས་ལྷན་ཚོགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་བའི་ནང། འཚེ་མེད་ཞི་བའི་ཐོག་ནས་རྒྱ་ནག་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ། དུས་ཡུན་རིང་པོའི་ནང་ཕྱག་ལས་གནང་མཁན་སྐུ་ཞབས་ལུའུ་ཞའོ་པོ་ལ། ལྷན་ཚོགས་ཀྱིས་ལོ་འདིའི་ཞི་བདེའི་གཟེངས་རྟགས་འབུལ་རྒྱུའི་ཐག་བཅད་པ་ཡིན་ཞེས་འཁོད་ཡོད་པ་རེད། ད་ཐེངས་ཀྱི་གཟེངས་རྟགས་འདི་ནི་རྒྱ་ནག་སྐམ་ས་ཆེན་མོའི་ནང་གི་མི་ཞིག་ལ་ཐོབ་པ་དང་པོ་དེ་ཆགས་ཡོད་པ་རེད།

ལུའུ་ཞའོ་པོ་ཨ་རིའི་ཀོ་ལུམ་བྷི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་སློབ་མཐའ་ཕྱིན་ནས་ཕྱིར་རྒྱ་ནག་ཏུ་ལོག་སྟེ། ཕྱི་ལོ་༡༩༨༩ ལོར་གནམ་བདེ་སྒོ་མོ་ཆེའི་ཐང་གི་ཞི་རྒོལ་ཆེན་མོའི་ནང་ཞུགས་ཡོད་པས། རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ་ལོ་༣ གྱི་ཁྲིམས་ཐག་བཅད་ནས་ངལ་རྩོལ་རུ་ཁག་ནང་བཏང་ཡོད་པ་རེད། ཕྱི་ལོ་༢༠༠༨ ལོར་ལུའུ་ཞའོ་པོ་ཡིས་རྒྱ་ནག་མི་མང་གི་འོས་འཕེན་དང་རང་དབང་གི་གྲོས་ཚོགས་ཆེད་དུ། ཡིག་ཆ་འགྲེམས་སྤེལ་བྱས་པར་རྒྱ་ནག་གི་ཤེས་ཡོན་སྡེ་ཚན་ཁག་དང། ཁྲིམས་རྩོད་པ། ལས་འགུལ་བ་སོགས་མི་གྲངས་༣༠༠ ཙམ་གྱིས་མིང་རྟགས་བཀོད་ཡོད་པས། རྒྱ་ནག་གཞུང་གིས་དམར་ཕྱོགས་ཚོགས་པའི་ཁྲིམས་ལུགས་ལ་ངོ་རྒོལ་བྱས་ཡོད་པའི་ནག་ཉེས་བཙུགས་ཏེ། ཕྱི་ལོ་༢༠༠༩ ལོར་འཛིན་བཟུང་གིས་ལོ་༡༡ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

རྒྱ་ནག་གཞུང་གིས་སྐུ་ཞབས་ལུའུ་ཞའོ་པོ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིའི་ཁོངས་སུ་སླེབས་སྐབས་ངོ་རྒོལ་བྱས་ཡོད་པ་རེེད། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་ཧྥུ་ཡིང་གིས་ཟླ་བ་སྔོན་མའི་ཚེས་༢༨ ཉིན། པེ་ཅིང་དུ་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག་ཏུ། ང་ཚོའི་ངོས་ནས་ནོ་སྦེལ་གཟེངས་རྟགས་ཀྱི་ལས་ཀ་བྱེད་མཁན་ཚོས། གཟེངས་རྟགས་དེ་ལ་འགྲེལ་བརྗོད་གང་བྱས་པ་ལས་མང་བ་དོ་སྣང་བྱས་ཡོད་པ་དང། ཞི་བདེའི་གཟེངས་རྟགས་དེ་ནི་རྒྱལ་ཁབ་ཆིག་སྒྲིལ་དང་ཞི་བདེ། རྒྱལ་ཁབ་ཕན་ཚུན་དབར་མཛའ་གྲོགས་ཀྱི་འབྲེལ་བའི་ཆེད་དུ་ལས་ཀ་བྱེད་མཁན་ལ་འོས་པ་རེད་བསམ་གྱི་ཡོད། དེ་བཞིན་གཟེངས་རྟགས་འདི་ལུའུ་ལ་སྤྲད་ན་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལའང་གནོད་སྐྱོན་ཡོང་ངེས་རེད་ཅེས་བརྗོད་ཡོད་པ་རེད།

ནོར་ཝེ་གཟེངས་རྟགས་མཐུན་ཚོགས་ཀྱི་ཚོགས་གཙོ་ལུན་ཌི་སི་ཊི་ཡིས། རྒྱ་ནག་གི་ཉེན་བརྡ་དེས། ང་ཚོའི་གཟེངས་རྟགས་ཚོགས་པར་ཤུགས་རྐྱེན་གང་ཡང་ཐེབས་མི་སྲིད་ཅེས་སྐབས་དེར་ཁྱབ་བསྒྲགས་བྱས་ཡོད་པ་རེད། ཕྱི་ལོ་༢༠༠༩ ལོའི་ཞི་བདེའི་གཟེངས་རྟགས་ཨ་རིའི་སྲིད་འཛིན་སྐུ་ཞབས་ཨོ་བྷ་མར་ཐོབ་ཡོད་པས། མི་མང་པོས་སྲིད་འཛིན་ཁོང་ལ་གཟེངས་རྟགས་དེ་འོས་འཚམས་མིན་ལུགས་ཀྱིས་གླེང་སློང་ཤུགས་ཆེ་བྱས་ཡོད་རུང། དེ་ཐེངས་ཀྱི་གཟེངས་རྟགས་འདིའི་ཐད་ལ་དེ་འདྲ་བའི་གླེང་སློང་གང་ཡང་བྱུང་མེད་པ་རེད།།{jcomments on}