ཕྱི་རྒྱལ་ནས་དྲན་བཞིན་པའི་བོད་མོ་ཁྱེད།
མི་རེར་སེམས་རེ་ཡོད་པ་ཀུན་ལ་གསལ།།
ཀུན་གྱིས་སྨོན་པ་བརྩེ་དུང་དྲོན་མོ་ཡིན།།
དེ་ཉིད་ཐོབ་འདོད་རེ་བ་ཚང་མར་ཡོད།།
སློང་བ་སྤྲོད་འདོད་མེད་ཀྱང་ཁ་རོག་ཞོགས།།
གྱེས་ཁ་མ་དེར་སྙིང་གཏམ་མ་ཤོད་དང་།།
དུས་རྒྱུན་བཟང་ན་བདེ་སྐྱིད་དེ་ཉིད་ཡིན།།
རྒྱང་དུ་ཡོད་དུས་དྲན་ཚུལ་མ་གླེང་དང་།།
ས་མཐའི་སུན་སྣང་ཆེ་རུ་གཏོང་ངེས་ཡིན།།
མ་གསང་དྲང་པོའི་མི་ཞིག་ཡོད་དེ་ཆོག།
གསང་བ་ཀུན་ལ་སྒྲོག་སྲོལ་མེད་དུས་ན།།
ང་ཡི་གསང་བ་ཁྱེད་ལ་ཤོར་བ་དེ།།
ཁྱེད་ཉིད་ཁོ་ནའི་སེམས་ལ་ཉར་རོགས་ཞུ།།
སྡུག་དུས་མིག་ཆུ་གཏོང་ས་ང་ཡིན་ན།།
སྐྱིད་དུས་འགྲོ་རོགས་འདུག་རོགས་ང་བྱེད་རྒྱུའི།།
སེམས་ཀྱི་དམ་བཅའ་མ་འགྱུར་མི་ཚེ་འདིར།།
མ་འོངས་ཁྱིམ་གཅིག་ཕྱོགས་ལ་བསམ་བློ་ཐོངས།།
དགའ་སྡུག་སྣ་ཚོགས་སྲང་གི་མི་ཚོགས་བཞིན།།
གར་འགྲོ་གར་འདུག་ངེས་མེད་རླུང་གི་སྤུན།།
ད་ལྟ་ང་ཉིད་ས་མཐར་ཡོད་ན་ཡང་།།
ནམ་ཞིག་རང་ཡུལ་ཕྱོགས་སུ་འབྱོར་ངེས་ཡིན།།