གྲགས་པ་རིན་པོ་ཆེ་ཁེ་ཎ་ཌའི་བློན་ཆེན་དང་མཇལ་འཕྲད།
དེ་ཡང་ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༣ ཉིན་ཁེ་ཎ་ཌའི་རྩེད་རིགས་བློན་ཆེན་སྐུ་ཞབས་གྷེ་རི་ལོན་ Gary Lunn མཆོག་དང༌། ལྡི་ལིར་བཅའ་བཞུགས་ཁེ་ཎ་ཌའི་གཞུང་ཚབ་ཆེན་མོ་སྐུ་ཞབས་ Stewart Beck མཆོག ཁེ་ཎ་ཌའི་གྲོས་ཚོགས་གོང་མའི་འཐུས་མི་ Vim Kochhar སོགས། ཁེ་ཎ་ཌའི་གཞུང་གི་གནད་ཡོད་དཔོན་རིགས་ ༡༥ ཙམ། རྒྱལ་སྤྱིའི་བྱམས་བརྩེ་བདེ་རྩར་གཟིགས་སྐོར་དུ་ཕེབས་ཤིང༌། ཆུ་ཚོད་གཉིས་ལྷག་ལྷོད་བཞུགས་ཐོག་སློབ་ཕྲུག་ཚོས་བོད་ཀྱི་གཞན་སྣ་གཟིགས་འབུལ་ཞུས་པ་དང༌། བོད་ཀྱི་རྩ་དོན་དང་འབྲེལ་བའི་གལ་ཆེའི་གནད་དོན་ཁག་ཅིག་གི་ཐོག་གླེང་མོལ་དང་འབོད་སྐུལ་ཞུ་རྒྱུའི་གོ་སྐབས་བྱུང་ཡོད། གཟིགས་སྐོར་དུ་ཕེབས་དོན་ནི། ཁེ་ཎ་ཌའི་གཞུང་ཚབ་ཀྱིས་རྒྱལ་སྤྱིའི་བྱམས་བརྩེའི་བདེ་རྩར་དེ་སྔོན་མཁོ་ཆས་ཁག་ཅིག་རོགས་རམ་གནང་མྱོང་ཡོད་པ་དང༌། དེ་དག་གི་བརྒྱུད་རིམ་ནང་ཚོགས་པས་ཕྲུ་གུ་ཚོར་སོ་སོའི་ཁྱིམ་ཚང་ངོ་མའི་བྱམས་སྐྱོང་དང༌། རོགས་རམ་ཞུ་ཕྱོགས་སོགས་དགོས་ངེས་ཕན་ངེས་ཅན་དུ་མྱོང་ཚོར་ཟབ་མོ་བྱུང་བར་བརྟེན། དེ་རིང་ཆེད་མངགས་གཟིགས་སྐོར་དུ་ཕེབས་པ་ཞིག་ཆགས་ཡོད།
གོང་ཚེས་ཉིན་ཁོང་རྣམས་ཚོགས་པར་ཕེབས་འབྱོར་སྐབས། བདེ་རྩའི་ངེས་སྟོན་པ་འབྲས་སྤུངས་བློ་གསལ་གླིང་གྲགས་པ་རིན་པོ་ཆེ་སྐུ་ཕྲེང་བརྒྱད་པ་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་མཆོག་གི་དབུས། དགེ་སློབ་རྣམས་ཀྱིས་བོད་ལུགས་ཕེབས་བསུ་གཟབ་རྒྱས་ཞུས། གྲགས་པ་རིན་པོ་ཆེ་མཆོག་གིས་ཁོང་རྣམས་ལ་ཚོགས་པའི་ལས་དོན་ངོ་སྤྲོད་དང༌། བོད་རྒྱའི་དཀའ་རྙོག་སེལ་ཆེད་ྋགོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འབད་བརྩོན་མཛད་བཞིན་པའི་ཞི་མོལ་ལ་རྒྱབ་སྐྱོར་ཡོང་བ་དང༌། དེ་སྔོན་བཙན་བྱོལ་བོད་མི་རྣམས་དཀའ་ཚེགས་ཆེ་བའི་སྐབས་སུ་ཁེ་ཎ་ཌའི་གཞུང་ནས་བོད་མི་ཁག་ཅིག་སྐྱབས་བཅོལ་དུ་བཞེས་གནང་བ་མ་ཟད། དེ་རྗེས་གསར་དུ་བོད་ནང་དཀའ་འཕྲད་རིགས་བོད་མི་སྐྱབས་བཅོལ་དུ་འབྱོར་བ་རྣམས་ལ་རོགས་རམ་གནང་བཞིན་པ་སོགས་ལ་ཐུགས་རྗེ་ཞུས་གནང་བར། ཁོང་རྣམ་པས་ཐུགས་སྣང་ཧ་ཅང་ཆེན་པོ་གནང་ཡོད་འདུག ལྡི་ལིར་ཡོད་པའི་རྒྱལ་སྤྱིའི་བྱམས་བརྩེ་བདེ་རྩ་ནི། ༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་འོག ཕྱི་ལོ་ ༡༩༩༧ ལོར་གསར་འཛུགས་དང༌། རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་ཞུས། ཐོག་མར་ཚོགས་པ་གསར་འཛུགས་སྐབས་ཀྱི་མ་རྩ་ནི། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་གནང་བའི་ཧིན་སྒོར་འབུམ་གཅིག་དང༌། རིན་པོ་ཆེར་ཕ་ཡུལ་དགོན་པ་ནས་སྐུ་སྐལ་འབྱོར་བའི་དངུལ་གང་ཡོད་པ་རྣམས་ཆགས་ཡོད་ཅིང༌། ཛ་དྲག་གི་ལས་དོན་དང་པོ་ནི། སྐབས་དེར་མན་ཇུ་ཊི་ལར་ཉལ་ཐ་འཐེན་ཅིང་མི་ཚེ་འཕྲོ་བརླགས་འགྲོ་བཞིན་པའི་བོད་ཕྲུག་ ༡༥ ཙམ་ཡོད་པ་རྣམས་ལ་ ཌེ་ཊོག་སན་ཊར་སྨན་ཁང་དུ་ཟླ་བ་ ༦ རིང་སྨན་བཅོས་ཀྱིས་དྲག་སྐྱེད་བྱུང་མཚམས་སོ་སོའི་ནང་མིར་རྩིས་སྤྲོད་ཞུས། སྨན་ཁང་དེ་བརྒྱུད་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ W.H .O ནས་ཤེས་རྟོགས་བྱུང་རྗེས། གྲགས་པ་རིན་པོ་ཆེ་དང་ལྷན་ཚོགས་དེའི་དབུ་འཛིན་ Dr Cornela devid དང་ལས་རོགས་རྣམས་ཕོ་བྲང་དུ་མཇལ་བཅར་གྱི་བསྐལ་བཟང་ཐོབ་པ་མ་ཟད། ཐུགས་ཧ་ཅང་དགྱེས་ཚོར་ཆེན་པོ་གནང་ཞིང༌། འཕྲོད་བསྟེན་བཀའ་བློན་བསམ་མཁར་དབྱངས་སྐྱིད་ལ་འབྲེལ་བ་དགོས་སྐོར་ཕེབས་པ་བཞིན། སྐབས་དེར་རང་གཞུང་འཕྲོད་བསྟེན་ལྷན་ཚོགས་སྐྱོང་བཞིན་པར། ཁོང་རྣམས་གདན་ཞུས་ངོ་སྤྲོད་ཞུས། བཀའ་བློན་ཁྲི་པ་བསོད་ནམས་སྟོབས་རྒྱལ་མཆོག་གིས་བླ་མ་ཞིག་གིས་ཁ་ཡོད་ལག་ཡོད་སྤྱི་ཚོགས་ཀྱི་བདེ་རྩར་སྨན་པའི་ཕྱག་ལས་འདི་ལྟར་གནང་བ་ནི། དངོས་གནས་རླབས་ཆེན་དང་མིག་དཔེ་འོས་པ་ཡིན་སྐོར་བསྔགས་བརྗོད་གནང་ཡོད། སྐབས་དེར་ལྷན་ཚོགས་ཀྱི་ངོས་ནས་བོད་མིའི་འཕྲོད་བསྟེན་ཆེད་རོགས་དངུལ་ཡང་ཐོབ་ཡོད། དེའི་ལས་དོན་རྣམས་རིན་པོ་ཆེས་འགན་ལེན་དགོས་ཞེས་གསུངས་པར། རིན་པོ་ཆེས་བོད་མིའི་འཕྲོད་བསྟེན་དང་འབྲེལ་བའི་ལས་དོན་རྣམས་རང་གཞུང་འཕྲོད་བསྟེན་ལས་ཁུངས་ནས་གནང་ན་ལེགས་ཚུལ་ཞུས། བྱམས་བརྩེ་བདེ་རྩས་ད་བར་བཙན་བྱོལ་བོད་མིའི་གཞིས་སྒར་ཁག་དང༌། ཧི་མ་ལ་ཡའི་རི་རྒྱུད་བཅས་ནས་དྭ་ཕྲུག་དང༌། ཕྱེད་དྭ་ཕྲུག དབང་པོ་སྐྱོན་ཅན་བཅས་ཁྱོན་བསྡོམས་ཕྲུ་གུ་གྲངས་ ༢༣ ཙམ་བདག་ཉར་གྱིས་སློབ་གྲྭ་ལེགས་ཤོས་སུ་གཏོང་བཞིན་པའི་ཐོག སྔ་དགོང་དང་གུང་སེང་སྐབས། བོད་ཡིག་དང༌། ནང་ཆོས་སོགས་རིག་གཞུང་ངོ་སྤྲོད་བྱེད་ཀྱི་ཡོད། དེ་མིན་ཉམ་ཐག་ཕྲུ་གུ་གྲངས་ ༣༠ ལ་སློབ་ཡོན་དང༌། རྒས་ཁོག་གྲངས་ ༡༥ ཙམ་ལ་འཚོ་བའི་རོགས་དངུལ་ཡང་འབུལ་བཞིན་ཡོད། སྤྱིར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་དང༌། རྒྱ་གར་གཞུང་གི་བཀའ་དྲིན། དེ་བཞིན་བཙན་བྱོལ་བོད་གཞུང་དང༌། བོད་ཁྱིམ་སློབ་གྲྭ་བཅས་ཀྱི་ཐུགས་རྗེ་བཀའ་དྲིན་ལ་བརྟེན། ཚང་མར་སྤྱི་མཚུངས་སློབ་སྦྱོང་གི་གོ་སྐབས་བཟང་པོ་ཐོབ་དང་ཐོབ་མུས་ཡིན། འོན་ཀྱང༌། སྐབས་རེར་ཟུར་དུ་ལུས་པ་དང་གོ་སྐབས་མ་ཐོབ་པའི་དཀའ་ངལ་ཅན་གྱི་རིགས་ཡོད་ཚེ། ཚོགས་པ་དེར་འབྲེལ་བ་གནང་དགོས་པའི་སྐོར་ཡང་གསུངས་ཡོད་པ་རེད། ཚོགས་པ་དེར་བོད་ཁྱིམ་ནས་ཕྲུ་གུ་རྣམས་སློབ་གྲྭར་བསུ་སྐྱེལ་ཆེད། འཇེབ་འཁོར་ཊ་ཊ་སཱ་མོ་ཞིག་གསོལ་སྩལ་གནང་བ་དང༌། དབྱར་ཁའི་གུང་གསེང་སྐབས་ཕྲུ་གུ་རྣམས་ལ་སྡོད་གནས་སོགས་སློབ་སྦྱོང་གི་མཐུན་འགྱུར་གནང་བར། དེ་རིང་གོ་སྐབས་འདི་བརྒྱུད་སྐུའི་གཅེན་མོ་ལྷ་ལྕམ་རྗེ་བཙུན་པདྨ་མཆོག་དང༌། སྤྱི་ཁྱབ་དབུ་འཛིན་ཚེ་དབང་ཡེ་ཤེས་ལགས་སོགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་ཅིག ཚོགས་པ་འདིས་མ་འོངས་སྔར་ལྷག་སྤྱི་ཚོགས་ཞབས་ཞུ་བསྒྲུབ་རྒྱུའི་འདུན་པ་ཤུགས་དྲག་ཡོད་པས། ཚང་མས་དགོངས་འཆར་དང་མཉམ་རུབ་གནང་རོགས་ཞུ་རྒྱུ་ཡིན། ཞེས་རྒྱལ་སྤྱིའི་བྱམས་བརྩེ་བདེ་རྩའི་ཡིག་ཚང་ནས་འགྲེལ་བརྗོད་གནང་སོང་།།