བཀའ་ཁྲིའི་འོས་མི་ལས་འཕྲོས་པའི་བསམ་ཚུལ་དམར་རྗེན་མ།
ཡིན་ཡང་ཤེས་ཡོན་དང་རྒྱུས་མངའ་ཡོད་པའི་ཆ་རྐྱེན་ཙམ་གྱིས་བཀའ་ཁྲི་ལ་འདེམས་འོས་པའི་ཚད་འཛིན་བྱེད་མི་རུང་། ཕྱིར་མི་སུ་འདྲ་ཞིག་ཡིན་རུང་གཙོ་བོ་དེ་མི་གཞི་དང་ཀུན་སྤྱོད་ཚད་ལྡན་ཞིག་ཡོད་པའི་ཐོག་ཤེས་འཇོན་ཉམས་མྱོང་གིས་ཕྱུག་པ་ཞིག་ཡིན་ཚེ་མི་དེ་ལ་ཚད་མཐོའི་གདེང་འཇོག་དང་ཡིད་ཆེས་བྱ་རིན་ཡོད།
འོན་ཀྱང་སྤེན་པ་ཚེ་རིང་ལྟ་བུ་ལ་མཚོན་ན་ཁོའི་མི་གཞི་དང་ཀུན་སྤྱོད་ལ་དོགས་པ་ཡོད་པ་ཙམ་གཅིག་པོ་མ་ཡིན་པར་གླེང་ཕྱོགས་འདྲ་མིན་ཞིག་ཡོད་པ་རྒྱ་གྲགས་བོད་གྲགས་རེད། དཔེར་ན་སྤེན་པ་ཚེ་རིང་གིས་བླ་མ་ག་གེ་མོ་ཞིག་གི་སྐྱེ་དམན་ལ་ཚུལ་མིན་གྱི་འབྲེལ་བ་བྱས་པ་མ་ཟད་སྐྱེ་དམན་དེ་དང་བླ་མ་དེའི་རྒྱུ་ནོར་རག་ཆེད། ཁོང་གཉིས་ཁྱི་སྤྱང་ངན་འབྲེལ་བྱས་ཏེ་བླ་མ་དེ་སྔ་ལམ་དུ་བརྫངས་ཡོད་པའི་ལོ་རྒྱུས་ཤིག་སྲང་དང་ཁྲོམ་ལམ་ཀུན་ལ་ས་ཁྱབ་རྡོ་ཁྱབ་ཀྱང་བྱུང་མྱོང་ཡོད་པ་རེད།
གལ་སྲིད་དེ་འདྲའི་ལོ་རྒྱུས་དེ་བདེན་པ་ཡིན་ཚེ་ཁོ་ནང་སྟོང་ཁོག་རུལ་དུ་སོང་བའི་མི་ངན་ཞིག་ཡིན་པ་ཚོད་དཔག་བྱེད་ཐུབ། དེ་ལ་ཤེས་ཡོན་ཅུང་ཙམ་ཞིག་དང་ཁ་བདེ་བོ་དང་རང་ཉིད་ཀྱི་མངོན་འདོད་ཅིག་ལ་འབད་མཁས་བོ་ཡོད་པ་ཙམ་གྱིས་བཀྱགས་ནས་གནམ་ལ་འཇོག་རིན་ཡོད་པ་མ་མཐོང་།
དེ་ལྟར་བྱས་ན་དུས་རྒྱུན་ང་ཚོས་ཁ་ནས་མ་ཎི་བགྲང་བགྲང་བྱེད་བཞིན་པའི་བོད་སྤྱི་བའི་རྩ་དོན་དང་མང་གཙོ་འགན་མི་མང་རང་གིས་ཁུར་དགོས་ཞེས་པ་དང་ཡང་འགལ་འགྲོ་བ་རེད། དེར་བརྟེན་ཚང་མས་གང་ཟག་སུ་ཡིན་དང་རང་ཉིད་ཀྱི་ཕྱོགས་གཏོགས་རེད་འདུག་མིན་ཙམ་ལ་མི་ལྟ་བར། དངོས་ཐོག་བདེན་འཚོལ་ངང་བཀའ་ཁྲི་ཚད་ལྡན་ཞིག་ཡོང་ཐབས་སུ་དྲང་བདེན་ལ་རྒྱབ་བརྟེན་ཏེ་འབད་བརྩོན་བྱེད་དགོས།
༼ཚད་ལྡན་ཞེས་པ་དེ་ཡང་ང་རང་ཚོ་བཙན་བྱོལ་ནང་ནས་ཨ་ཡོད་ནང་གི་དེ་ཡོད་དང་། ལུག་མགོའི་ནང་གི་མིག་ཚིར་དེ་རག་ཐབས་བྱེད་དགོས་པ་ལས། ཕྱིར་ཚད་ལྡན་ཞེས་པ་དེའི་ཚད་གཞི་ངེས་ཅན་ཞིག་འཇོག་ཅུང་ཟད་དཀའ་བར་སྣང་། ༽
དེ་བཞིན་ཨ་ཅག་རྒྱ་སྒྲོལ་ལགས་ཀྱི་སྐོར་ལ་ཅུང་ཟད་གླེང་བར་འདོད། ཁོ་མོ་ལ་མཚོན་ན་ཤེས་ཡོན་དང་འཇོན་ཐང་སོགས་ཕྱོགས་གང་ཐད་ནས་བཀའ་ཁྲིའི་འོས་ཆོས་ཡོངས་རྫོགས་ཚང་བར་མ་མཐོང་། དབྱིན་སྐད་དང་ཧིན་སྐད་སོགས་ཙ་ག་ཙིག་གེ་ཞིག་བཤད་ཤེས་པ་དང་ཁ་བདེ་མགོ་བདེ་ངུ་སླ་སོགས་ཀྱི་ཕ་རོལ་བོའི་སེམས་ཅུང་ཟད་འགུག་ཐུབ་པའི་གཡོ་ཇུས་ཕྲན་བུ་ཡོད་རུང་དེ་ཙམ་གྱིས་སྐབས་གསུམ་པའི་བཀའ་ཁྲིའི་འོས་ཆོས་ཚང་བར་ངོས་འཛིན་བྱེད་ཀྱི་མེད།
ལྷག་པར་ཉེ་ཆར་ཨ་ཅག་ལགས་ཀྱིས་ང་བཀའ་ཁྲིར་འོས་འདེམས་བྱུང་ན། གཞིས་ཆགས་ཡར་རྒྱས་གཏོང་རྒྱུ་ཡིན། གསར་འབྱོར་དཀའ་ངལ་སེལ་ཐབས་བྱེད་ཀྱི་ཡིན། ད་དུང་མང་པོ་ཞིག་ཕྱི་རྒྱལ་ལ་གཏོང་གི་ཡིན་སྐོར་སོགས་སྐྱ་སེར་ཕོ་མོ་ཡོངས་ལ་འཚམ་པའི་སྐད་ཆ་སྙིང་རྗེ་བོ་ཞིག་ཤོད་ཀྱི་ཡོད་ཀྱང་།
དོན་དངོས་ཐོག་ཁྱེད་རང་གིས་འོས་ཤོག་རེག་ཐབས་ཙམ་ལས་དེ་འདྲའི་ཕྱག་ལས་ཤིག་གནང་མི་ཐུབ་ལ་མི་གནང་བ་ཡང་གསལ་བོ་རེད། གང་ཡིན་ཟེར་ན་འདས་ཟིན་པའི་ནང་ལོག་ཁྱེད་རང་མི་མང་གི་སྐུ་ཚབ་བྱས་ནས་ཁྲིམས་བཟོ་ལྷན་ཁང་གི་རྐུབ་སྟེགས་མཐོ་ཤོས་ཐོག་ལོ་མང་རིང་བཞུགས་ཡོད། གལ་སྲིད་ནུས་པ་དང་འཇོན་ཐང་ལྷག་བསམ་བཤད་པ་ནང་བཞིན་སྨྲ་མེད་པ་ཞིག་ཡོད་ན་སྐབས་དེ་དུས་ཨ་ཅག་ལགས་ཀྱིས་དེ་འདྲའི་ཕྱག་ལས་མ་གནང་བའི་རྒྱུ་མཚན་གང་ལ་ཐུག་ཡོད་དམ།
ད་ཨ་ཅག་ཁྱེད་རང་གི་དམིགས་ཡུལ་ངོ་མ་དེ་མངོན་གྱུར་ཡོང་བར་འབད་རྩོན་བྱེད་འདོད་ན། དང་ཐོག་མདོ་ཁམས་ཆུ་སྒང་གསར་རྙིང་གཉིས་གཙོས་ཁྱེད་རང་གི་ཐེ་ཇུས་བྱེད་མྱོང་སའི་རྩོད་རྙོག་དག་ནང་ཁུལ་མཐུན་འབྲེལ་ཡོང་ཐབས་ལ་འབད་རྩོན་ཁ་ཞེ་གཉིས་མེད་ཀྱིས་བྱེད་རྒྱུ་ཡིན་པའི་མནའ་སྐྱེལ་དམ་འཇོག་དགོས་པ་མ་ཟད། ད་ནས་བཟུང་ནང་ཁུལ་གྱི་ཆིག་སྒྲིལ་དང་འཆམ་མཐུན་ལ་གཏོར་བཤིག་ནམ་ཡང་མི་གཏོང་བའི་དམ་བཅའ་ཁ་གསལ་གདེང་གསལ་འཇོག་དགོས་གལ་མཐོང་།
མཚམས་འདི་ནས་ངས་བཀྲས་མཐོང་བསྟན་རྣམ་ལགས་ཀྱི་སྐོར་ལ་རོབ་ཙམ་གླེང་བར་འདོད། ཁོང་ཡང་ཡང་བསྐྱར་བཀའ་ཁྲིའི་རྐུབ་སྟེགས་ཐེངས་གཅིག་འཛིན་པའི་འདོད་པ་ཤུགས་ཆེན་ཡོད་ས་རེད། དེའི་རྒྱུ་མཚན་ནི་འདས་ཟིན་པའི་ནང་ལོག་ནག་ཉེས་དང་ནོར་འཁྲུལ་གང་སོང་ཡོད་པ་དེ་ཚོ་གང་ཐུབ་དཀར་པོར་བཟོ་རྒྱུའི་ཐབས་ཇུས་སམ་སྲིད་བྱུས་སེམས་ནང་ཉལ་ནས་བཀའ་ཁྲིར་སླེབས་ཐབས་ལ་རེ་བ་རྒྱབ་པ་ཞིག་ཡིན་པ་གོར་མ་ཆགས།
ཡང་གཅིག་བཤད་ན། ཁོའི་རེ་བ་དེ་སྟོང་ཟད་མིན་པའང་ཅུང་ཟད་གདེང་སྤོབས་ཡོད་པ་རེད། གང་ཡིན་ཟེར་ན་ཚེ་འདི་ཕྱི་གཉིས་ཀྱི་ཡོད་ཚད་རྐུབ་སྟེགས་ལ་བཅོལ་ཡོད་མཁན་གྱི་རྡ་སའི་ཁོར་ཡུག་གི་གཞུང་འཛིན་མི་སྣ་མང་ཆེ་བའི་རྐུབ་སྟེགས་སྒུལ་ཀྱོག་མི་ཡོང་བའི་ཆེད་དུ་དངོས་སམ་བརྒྱུད་ནས་ཁོ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད།
དེ་ཚོས་ཀྱང་བོད་སྤྱིའི་རྩ་དོན་ལས། སོ་སོའི་མི་ཚེའི་ནང་འབྲེལ་འདྲིས་ཆེ་བའི་རྐུབ་སྟེགས་དེ་བློས་གཏོང་མི་ཐུབ་པ་ཞིག་དང་། གཞན་༧གོང་ས་མཆོག་དང་མཁས་དབང་ཟམ་གདོང་རིན་ཆེ་གཉིས་སྐུ་འཚོ་བཞུགས་སྐབས་མི་རབས་གསར་བ་ཞིག་གིས་མཇུག་མཐུད་མ་ཐུབ་ན་བསམ་པ་ཡང་ཡིན་སྲིད་ཀྱི་མ་རེད་དེ།
འབྱུང་འགྱུར་གྱི་བཀའ་ཁྲི་དེ་གནའ་དེང་གི་ཤེས་བྱའི་གནས་ཐམས་ཅད་ལ་མཁྱེན་རྒྱ་ཡངས་ཤིང་མ་འོངས་བོད་མི་རིགས་ཀྱི་སྲིད་འབྱོར་རིག་གསུམ་ཉམས་པ་སླར་གསོ་དང་མི་ཉམས་དར་སྤེལ་གཏོང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་ལས། ཆོལ་ཁ་དང་ཆོས་ལུགས་དེ་བཞིན་ཁྱིམ་བརྒྱུད་སོགས་ཀྱི་ན་ཚ་མེད་མཁན་གྱི་གཞོན་སྐྱེས་ཤེས་འཇོན་གཉིས་ལྡན་དང་ལྷག་བསམ་རྣམ་དག་ཅིག་བཀའ་ཁྲིར་སླེབས་ཡོང་ན་ངའི་རྐུབ་སྟེགས་དེ་འགུལ་སྐྱོད་ཅིག་གཏོང་མི་ཡོང་ངམ་སྙམ་པའི་དངངས་འཚབ་དང་ཞེན་ཁོག་འདྲེས་མ་ཞིག་གི་སྒང་ན་འགྲོ་གི་ཡོད་པ་ཟུར་བལྟས་ལེབ་མཐོང་རེད།
ལྷག་པར་བཀྲས་མཐོང་ལ་མཚོན་ན་བདེན་མིན་ལ་མ་ལྟོས་པའི་གཞུང་དངུལ་ཕོན་ཆེན་ལྐོག་ཟ་བྱས་སོང་བ་རེད་ཅེས་གླེང་གཞི་ཡོད་པ་མ་ཟད། སྐབས་དེའི་བཀའ་ཁྲིའི་ལས་ཡུན་མ་རྫོགས་སྔོན་ལ་ཨ་རིར་བྲོས་བྱོལ་ལྟ་བུ་འགྲོ་དགོས་པའི་རྒྱུ་མཚན་སོགས་གསལ་བཤད་ཡང་དག་གམ་ཁ་གསལ་གཏིང་གསལ་གྱི་དཔང་རྟགས་ཤིག་མི་མང་གི་མདུན་སར་སྟོན་རྒྱུ་མེད་ན་བཀའ་ཁྲིའི་འོས་ཆོས་ཚང་བ་ཕར་ཞོག་ངོ་ཚ་དང་ཁྲེལ་གཞུང་སྤུ་རྩེ་ཙམ་མེད་པའི་མགོ་སྐོར་བསླུ་བྲིད་མཁན་ཞིག་ལ་ངོས་འཛིན་མི་བྱེད་ཀ་མེད་རེད།
སྤྱིར་མི་སྐྱོན་མེད་འཛམ་བུ་གླིང་ན་མེད། ཤིང་འཛེར་མེད་རྒྱ་རྫོང་ནག་ན་མེད་ཅེས་པ་ལྟར་མི་སྐྱོན་ཆུང་ངུ་ཙམ་ཡང་མེད་མཁན་ཞིག་རག་ཁག་པོ་ཡིན་པ་མ་ཟད། མི་ཞིག་གི་ལོ་རྒྱུས་ཀྱི་ངན་ས་དང་སྡུག་ས་དེ་བཞིན་མ་འགྲིག་མ་ཐོན་ས་རྐྱང་རྐྱང་གླེང་ན་དེ་མི་འགྲིག་པ་ལྟ་བུ་ཞིག་རེད། འོན་ཀྱང་ཛ་དྲག་དང་གཉན་ཕྲང་ཅན་གྱི་སྐབས་འདིར་བཀའ་ཁྲིའི་འོས་གཞི་ལྟ་བུ་ལ་མཚོན་ན་སྐྱོན་དང་ཉེས་པའི་ཆ་ལས་ལེགས་པ་དང་ཡོན་ཏན་གྱི་ཆ་མང་བ་ཞིག་འཚོལ་དགོས་ཀྱི་ཡོད་པ་སོང་ཙང་། ང་ཚོས་འོས་མི་འདི་དག་ཕྱོགས་གང་ཐད་ནས་རྒྱུས་ལོན་བྱེད་རྒྱུ་ཧ་ཅང་གི་གལ་ཆེན་ཆགས་ཡོད་པ་རེད།
དེ་ཡང་ངས་མངོན་ལྐོག་དང་རྒྱབ་མདུན་འཛེམས་མེད་ཐོག་འདི་ལྟར་བྲི་དགོས་དོན་ནི་ཁོང་ཚོར་མ་དགའ་བ་དང་། དེ་བཞིན་ཕྱོགས་རེས་དང་ཞེན་ཁོག་སོགས་ཀྱིས་ཀུན་ནས་བསླང་བ་ཞིག་རྩ་བ་ནས་མིན། སོ་སོར་ཡོད་མེད་དང་ཡིན་མིན་དབྱེ་འབྱེད་བྱེད་ཀྱི་བློ་ཞིག་འབྱར་ཡོད་པ་འདི་སྔོན་དུ་སོང་བའི་ཐོག མང་ཚོགས་དཀྱུས་མ་ཚོར་དཔྱད་གཞིའི་རྒྱུ་ཆ་ཞིག་གི་ཆེད་དང་དངོས་ཐོག་བདེན་འཚོར་ཞིག་ཡོང་ན་བསམ་ནས་འདི་ལྟར་བྲིས་པ་ཞིག་ཡིན།