གཟི་འོད་འབར་བའི་དཔའ་རྟགས།
ཐང་དཀར་རྒོད་པོས་གཤོག་རྩལ་ངོམས་ས་ན།།
གཡུ་འབྲུག་སྔོན་མོས་ངར་སྐད་ལྡིར་ས་ན།།
འདོ་བ་རྟ་ཕོས་བང་རྩལ་འགྲན་ས་ན།།
ས་ལམ་ཡུག་གིས་ཆོད་པ་ཁྱོད་ཉིད་ཙམ།།
བྲེ་སེ་འབྲོང་གིས་ར་རྩལ་འགྲན་ས་ན།།
རྨ་གཡག་སྟག་གིས་མཆི་སྡིར་བགྲད་ས་ན།།
བྱད་གཏད་ནག་པོས་ཚོང་ཁ་འགྲེམ་ས་ན།།
ཕ་རོལ་དགྲ་ལ་རྒོལ་མཁན་ཁྱོད་ཉིད་ཙམ།།
ནག་ཕྱོགས་དཔའ་ཁ་དར་བའི་མདུན་སོ་ན།།
གྲི་མདུང་རླུང་རྟ་དམན་པའི་གཡུལ་ས་ན།།
ཡོད་ཚད་ཕམ་ཁར་ཆས་པའི་ཉེ་འདབས་ན།།
ཚོགས་པའི་མིང་བྱང་འདེགས་མཁན་ཁྱོད་ཉིད་ཙམ།།
ཚོང་འགྲུལ་ཕྱུག་པོས་དར་ཁ་འགྲན་ས་ན།།
མཛའ་མཐུན་གསེར་གྱི་མདུད་རྒྱ་མནོན་ས་ན།།
ཡོད་ཚད་བསྟན་འགྲོའི་ཆེད་དུ་བསྔོ་ས་ན།།
སྔོན་ཐོན་ལས་ཀྱི་སྣེ་ཁྲིད་ཁྱོད་ཉིད་ཙམ།།
མུན་པས་ནམ་མཁའ་བསྒྲིབས་པའི་ཕར་ངོགས་ན།།
དགྲ་ཁས་གནམ་ས་འགེབས་པའི་གཤམ་འོག་ན།།
རྫས་རྡུལ་དྲག་ཆར་བབ་པའི་མདུན་སོ་ན།།
རང་མདངས་འོད་ཀྱིས་འཚེར་བ་ཁྱོད་ཉིད་ཙམ།།
ཐལ་རྡུལ་རི་ལུང་གཡོགས་པའི་ལུང་གཤོང་ན།།
མུན་པས་བགྲོད་ལམ་འགག་པའི་རི་སུལ་ན།།
མགོན་སྐྱབས་གཞན་ལ་གཏད་པའི་གཞི་མདོ་ན།།
སྣང་བྱེད་འོད་དུ་འཚེར་བ་ཁྱོད་ཉིད་ཙམ།།
བྱང་ཐང་སྐྱ་མོར་གྲང་ངར་ལྡང་ས་ན།།
བྱང་རླུང་དྲག་པོས་འཚུབ་ཆ་རྒོད་ས་ན།།
བྱང་བརྒྱུད་རྒན་པོའི་བང་སོ་གཏོར་ས་ན།།
དཔའ་ངར་དགྲ་རུ་ངོམས་མཁན་ཁྱོད་ཉིད་ཙམ།།
དགྲ་ཁ་རླུང་རྟ་འབར་བའི་ཡར་སྔོན་ན།།
ཁ་ཕྱོགས་མི་གསལ་རྒྱ་ལམ་འགྲིམས་ས་ན།།
དགྲ་རྒོལ་གནམ་ས་གཡོ་བའི་དཔའ་ངར་གྱིས།།
ཐབས་འཕྲུལ་མིག་སྔར་གཤམས་པའི་ལྟད་མོ་བསྐྲུན།།
བསམ་པའི་དཔུང་ཁ་བསྒྲིལ་པའི་གྲུ་ཟུར་ན།།
དགྲ་ཁར་ལན་བརྒྱ་འགྲིམས་པའི་སྲིད་ལུགས་འདིར།།
སྟོབས་རྩལ་མེ་ལྕེ་མཆེད་པའི་རྒྱལ་ཁམས་ཀུན།།
སེམས་ཁམས་རླུང་གིས་སྤུར་བའི་ཕར་རྒོལ་བརྩམས།།
དགྲ་ཁ་དོག་མོའི་ལམ་གྱི་འགག་སྒོ་ན།།
གདོང་ཁ་བྲག་ལ་གཏད་པའི་མི་བུ་འགས།།
བྲག་ཅ་རྣ་བར་གཟན་པའི་གཞི་མདོ་ན།།
བྲག་རྫོང་ཐལ་རྡུལ་སློག་འདི་དཔའ་རྟགས་ཡིན།།
དགྲ་ཁ་རང་ལ་གཏད་པའི་གཡུལ་ས་ན།།
དམག་གདང་གྲོག་ཁར་འགྲིམས་པའི་མདུན་ངོས་ན།།
རྫས་མདེལ་དྲག་ཆར་བབ་པའི་གཤམ་འོག་ན།།
རང་འཁྲི་དཔའ་ཁ་ངོམས་པའི་མིང་བྱང་བཀོད།།
རྒྱལ་ཚོགས་མཉམ་སྦྲེལ་གླིང་གི་མིག་མདུན་ན།།
དྲང་བདེན་དབྱངས་རྟ་གྱེར་བའི་གླིང་ཆེན་ན།།
སྟོབས་ཆེན་ཨ་རི་གཞུང་གི་དེབ་ཐེར་ན།།
མིང་བྱང་རི་མོ་འགོད་མཁན་ཁྱོད་ཉིད་ཙམ།།
བྲག་འཕྲང་གཡང་གཟར་དོག་མོའི་རི་ལུང་ན།།
ཚུར་རྒོལ་དགྲ་མགོ་དར་བའི་གདོང་ཁ་ན།།
ཞུམ་མེད་དཔའ་ཉམས་ངོམས་པའི་འཛིང་ར་ན།།
ཐབས་སྟོང་བློ་རྒྱ་འབྱེད་མཁས་ཁྱོད་ཉིད་ཙམ།།
མཐོན་པོའི་གོ་སར་གཤེགས་པའི་སྐུ་དྲག་མིན།།
དམའ་པོར་རྡོག་པས་གནོན་པའི་སྐུ་ངོ་མིན།།
ཡོད་ཚད་རྒྱལ་ཁམས་སྐྱོང་བའི་ཐབས་ཚུལ་གྱིས།།
མདུན་སོ་དགྲ་ཁར་གཏད་མཁན་ཁྱོད་ཉིད་ཙམ།།
༢༠༡༠། ༡༠། ༡༠ ཉིན་སྔ་དྲོའི་ཚོད་བཅུ་པའི་ཐོག་བྲིས།
