སྤང་རུ་སྣའི་བཙུན་མ་ཚོར་ཁྲིམས་ཆད།
དེ་ཡང་༢༠༠༨ ལོའི་ཟླ་༥ ཚེས་༡༤ ཉིན་སྤང་རུ་སྣ་བཙུན་དགོན་དང༌། ཡར་སྟེང་བཙུན་དགོན་གྱི་བཙུན་མ་གཉིས་བརྒྱ་ལྷག་ཙམ་ནས་ཞི་རྒོལ་བྱེད་སྐབས་རྒྱ་གཞུང་གི་ཉེན་རྟོག་པས་དྲག་གནོན་བྱས་ཏེ་བཙུན་མ་མང་པོ་འཇུ་བཟུང་བྱས་པ་དང༌། བཙུན་དགོན་དེ་གཉིས་གཙོ་འགན་འཁུར་མཁན་གྱི་སྤྲུལ་སྐུ་ཕུར་བུ་ཚེ་རིང་རིན་པོ་ཆེ་ཡང་འཇུ་བཟུང་བྱས་ཏེ་༢༠༠༩ ལོའི་ཟླ་༩ ཚེས་༢༢ ཉིན་དཀར་མཛེས་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་དུས་བཀག་བཙོན་འཇུག་ལོ་༨ དང་ཟླ་དྲུག་གི་ཁྲིམས་ཐག་བཅད་དེ། ད་ལྟ་མན་ཡང་བཙོན་ཁང་དུ་བཙོན་འཇུག་བྱེད་བཞིན་ཡོད་པ་དང༌། རིན་པོ་ཆེའི་སྐུ་གཟུགས་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་ཡོད་པ་རེད།
དེ་བཞིན་འཇུ་བཟུང་བྱས་པའི་སྤང་རུ་སྣ་བཙུན་དགོན་གྱི་བཙུན་མ་བསོད་ནམས་ལྷ་མཚོར་ལོ་༡༠ དུས་བཀག་བཙོན་འཇུག་དང༌། བཙུན་མ་བུ་མོར་ལོ་༩ ། བཙུན་མ་བསོད་དགའ་དང་དབྱངས་ཅན་མཁའ་འགྲོར་ཁག་སོ་སོར་ལོ་༣ བཀྲིས་ལྷ་མོར་ལོ་༢ བཅས་ཀྱི་བཙོན་འཇུག་གི་ཁྲིམས་ཆད་བཏང་ཡོད་ཅིང༌། བཙུན་མ་མང་ཆེ་བ་གློད་བཀྲོལ་བཏང་ཡོད་ཀྱང་དགོན་པར་མུ་མཐུད་གནས་སྡོད་མི་ཆོག་པར་ཕྱིར་འབུད་བཏང་ཡོད་པ་རེད།
བཙུན་མ་བསོད་ནམས་ཆོས་སྒྲོན་རང་ལོ་༣༦ ཡིན་པ་དང༌། སྐྱེས་ཡུལ་དཀར་མཛེས་རྫོང་ལྷོ་པ་ཤང་ནས་ཡིན་པ་དང༌། སྤང་རུ་སྣ་བཙུན་དགོན་དུ་ཞུགས་ནས་ལོ་མང་འགྲོ་ཡི་ཡོད་འདུག །