རྨ་ཆུའི་སློབ་འབྲིང་སློབ་མར་ཁྲིམས་ཆད།

ཁོང་འཛིན་བཟུང་བྱེད་དོན་ནི། འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༤ ཉིན་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་ཚོས་རྫོང་དེའི་ཁྲོམ་གཞུང་དུ་བོད་རང་བཙན་དང་༧གོང་ས་མཆོག་བོད་དུ་ཕེབས་དགོས་པའི་ངོ་རྒོལ་སྐད་འབོད་བྱས་སྟབས།  རྒྱ་ནག་ཉེན་རྟོག་པས་སློབ་ཕྲུག་རྣམས་འཛིན་བཟུང་གིས་འདྲི་གཅོད་ནན་མོ་བྱས་པ་མ་ཟད། བཙན་དབང་གིས་རྒྱ་ནག་གི་ཁྲིམས་ལུགས་དང་ཆབ་སྲིད་སློབ་གསོའི་སྐོར་གྱི་སྦྱོང་བརྡར་ཡང་བསྟུད་མར་སྤྲད་ཡོད་པ་རེད།

གནད་དོན་དེའི་རྐྱེན་པས་རྫོང་དེའི་བོད་རིགས་ཉེན་རྟོག་མགོ་བ་ཞིག་དང། སློབ་འབྲིང་དེའི་སློབ་སྤྱི་སྐྱབས་ཆེན་བདེ་གྲོལ། སློབ་སྤྱི་རྡོ་རེད་བཅས་ལས་གནས་ནས་གནས་དབྱུང་བཏང་བ་དང། སྐབས་དེའི་སློབ་མའི་ངོ་རྒོལ་ཁྲོད་དུ་དངུལ་ར་ལྷ་སྡེའི་ཚེ་རིང་དོན་གྲུབ་དང་མུ་ར་སྡེ་བའི་ཐུབ་བསྟན་ཉི་མ་གཉིས་ལ་ནག་ཉེས་ཆེ་ཤོས་བཙུགས་ཏེ། ཕྱི་ཟླ་ ༨ པའི་ནང་སློབ་མ་ཐུབ་བསྟན་ཉི་མ་ལ་ལོ་ ༢ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ལན་ཀྲིའུ་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ཏུ་བསྐྱལ་ཡོད་འདུག དེ་བཞིན་སློབ་མ་ཚེ་རིང་དོན་གྲུབ་ལའང་ཕྱི་ཟླ་ ༩ པའི་ཚེས་ ༨ ཉིན་ཀན་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ལོ་ ༢ ཀྱི་ཁྲིམས་ཐག་བཅད་དེ།  ཕྱི་ཚེས་ ༡༢ ཉིན་ཀན་སུའུ་ཞིང་ཆེན་ཐན་ཧྲེ་ས་ཁུལ་གྱི་བཙོན་ཁང་དུ་ཞིག་བསྐྱལ་ཡོད་འདུག

ཚེ་རིང་དོན་གྲུབ་ལ་ཁྲིམས་བཤེར་སྐབས་ཁྲིམས་རྩོད་པ་སུ་ཡང་མི་འདུག དམ་དྲག་ཆེ་བའི་རྒྱ་ནག་གི་སྲིད་ཇུས་དེའི་འོག་ས་གནས་མང་ཚོགས་རྣམས་དངངས་སྐྲག་གིས་ཁེངས་ཏེ་ཁྲིམས་རྩོད་པ་བཙལ་རྒྱུར་སེམས་ལ་དྲན་གྱི་མེད་ལ།  ཕྱོགས་གཞན་ཞིག་ནས་ས་གནས་མང་ཚོགས་རྣམས་འབྲོག་པ་ཡིན་སྟབས་ཁོང་ཚོར་ཁྲིམས་རྩོད་ཀྱི་ཐོབ་ཐང་ཡོད་མེད་ཀྱང་ཤེས་ཀྱི་མི་འདུག་ཅེས་འགྲེལ་བརྗོད་བྱས་འདུག

{jcomments on}