སྒྱིས་ཚང་སྟག་སྨྲིག་ཚོད་བལྟའི་ཆེད་གློད་བཀྲོལ།

༄༅། །འདི་གར་འབྲེལ་ཡོད་ནས་ཁུངས་ལྡན་གནས་ཚུལ་གནང་གསལ་ལྟར་ན། ༢༠༡༠ ཟླ་ ༡༠ ཚེས་ ༡༥ ཉིན་སྒྱིས་ཚང་སྟག་སྨྲིག་གམ། སྐལ་བཟང་ཚུལ་ཁྲིམས་ལགས་རྒྱ་གཞུང་གིས་རེ་ཞིག་གློད་བཀྲོལ་བཏང་ཡོད་འདུག

དེ་ཡང་སྒྱིས་ཚང་སྟག་སྨྲིག་ལགས་ཀྱིས་ཕྱི་ལོ་ ༢༠༠༩ ཟླ་ ༧ ཚེས་ ༡༨ ཉིན་བོད་ལ་རང་དབང་མེད་པའི་སྐོར་གྱི་སྙན་ཞུ་ཞེས་པའི་བརྙན་འཁོར་འོད་སྡེར་ཞིག་ཁྱབ་སྤེལ་བྱས་རྗེས་མི་ལོ་གཅིག་ཙམ་རིང་ཁོང་གབ་གྲོས་བྱས་ཡོད་ཀྱང་མཐར་ ༢༠༡༠ ཟླ་ ༧ ཚེས་ ༢༧ ཉིན་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་གིས་ཆབ་སྲིད་ཀྱི་ཉེས་མིང་འོག་བཀག་ཉར་བྱས་ཡོད་པ་རེད།

ཁོང་འཛིན་བཟུང་བྱས་རྗེས་གང་དུ་བཀག་ཉར་བྱས་ཡོད་མེད་ནང་མི་གཉེན་འབྲེལ་སོགས་ཀྱིས་ཤེས་རྟོགས་གང་ཡང་མེད་པ་སོང་མཚམས་ཕྱི་ཟླ་ ༩ ཚེས་ ༢༦ ཉིན་སྒྱིས་ཚང་གི་གཞོན་སྐྱེས་གཙོས་གྲོང་མི་ ༤༠ ལྷག་རྨད་ཤེས་ཤང་སྲིད་གཞུང་དུ་ཕྱིན་ཏེ་ཁོང་གར་ཡོད་ཤེས་འདོད་ཡོད་པའི་རེ་འདུན་བཏོན་ཡོད་པ་མ་ཟད། ཁོང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡོད་དམངས་ཤིག་ཡིན་པའི་ཆ་ནས་ང་ཚོར་བརྩད་གཅོད་བྱེད་པའི་ཐོབ་ཐང་ཡོད་སྐོར་དང། དེ་ལུགས་སྲིད་གཞུང་ནས་ཀྱང་ལན་ཡག་པོ་ཞིག་གནང་རོགས། གལ་སྲིད་ཁོང་གར་ཡོད་ཤེས་ན་ཁོང་ལ་ཉལ་ཆས་དང་བཟའ་བཏུང་རེ་སྐྱེལ་འདོད་པ་ཡིན། ང་ཚོའི་ངོས་ནས་ད་ལྟ་སྐད་ཆ་ཡག་པོ་བཤད་དེ་ཞུ་བ་བྱེད་ཀྱིན་ཡོད་སོགས་བརྗོད་ཡོད་འདུག

དེ་མ་ཐག་ཤང་སྲིད་གཞུང་གིས་ཁོང་ཚོ་ལ་ཁྱེད་ཚོ་ད་ལྟ་རང་སར་ལོགས་རྒྱུགས་དང་ང་ཚོས་གང་མགྱོགས་ཡར་ཞུ་བྱས་ཏེ་བརྩད་གཅོད་བྱེད་ངེས་ཡིན། ཁྱེད་ཚོ་ཡང་བསྐྱར་འདི་ལྟར་མ་ཡོང། གལ་སྲིད་ཡོང་ན་ཡག་པོ་མེད་སྐོར་བཤད་འདུག

དེའི་རྗེས་ཏེ་ ༢༠༡༠ ཟླ་ ༡༠ ཚེས་ ༡༥ ཉིན་གློ་བུར་དུ་ཁོང་གློད་བཀྲོལ་བཏང་ཡོད་འདུག་ཀྱང། ཁོང་གློད་བཀྲོལ་བཏང་བ་དེ་ཟླ་དྲུག་གི་རིང་བལྟ་རྟོག་འོག་ལ་ཚོད་བལྟ་བྱ་རྒྱུ་དང། ད་ནས་བཟུང་ཁོང་གིས་ཆབ་སྲིད་ཀྱི་ལས་ཀ་བྱེད་མི་ཆོག་པ་མ་ཟད། ཁ་པར་གྱི་ཨང་གྲངས་བརྗེ་མི་ཆོག་པ་དང། ཆབ་སྲིད་དང་འབྲེལ་བའི་ལས་དོན་སོགས་ཀྱི་འགོ་ཁྲིད་དང་མཉམ་ཞུགས་བྱེད་མི་ཆོག་པ་སོགས་ཀྱི་ཆ་རྐྱེན་ཡང་བཏོན་ཡོད་འདུག

རྗེས་སུ་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། དེ་ཡང་དང་ཐོག་ཁོང་འཛིན་བཟུང་བྱས་མ་ཐག་ལན་གྲུ་ཉེ་འཁྲིས་ཀྱི་བཀག་སྐྱིལ་ཁང་ཞིག་ཏུ་ཁྲིད་ཡོད་པ་དང། དེའི་རྗེས་བ་ཚེ་དང་གཙོད་སོགས་ལ་བརྗེ་སྤོར་གྱིས་རྡུང་རྡེག་དང་འདྲི་གཅོད་ཡང་བྱས་ཡོད་འདུག་པ་བཅས།