རྒོལ་གཏམ་སྤེལ་བའི་བགྲོ་གླེང་།

ཁོ་ཚོས་ ༢༠༡༠ ཟླ་ ༡༠ ཚེས་ ༡༢ ཉིན་ནས་ཆབ་མདོ་བཅིངས་འགྲོལ་བཏང་སྟེ་མི་ལོ་ ༦༠ འཁོར་བའི་རྟེན་འབྲེལ་ཆེ་མོའི་བྱེད་སྒོ་དངོས་སུ་སྤེལ་འགོ་བཙུགས་ཡོད་སྐོར་བཤད་པ་དང་། ༢༠༡༠ ཕྱི་ ༡༠ ཚེས་ ༡༩ ཉིན་རྟེན་འབྲེལ་གྱི་དུས་སྟོན་ཆེ་མོ་ཟེར་བ་དེ་སྤེལ་ཡོད་པ་རེད། ཕྱི་ཚེས་ ༡༩ ཉིན་དུས་སྟོན་དེ་སྤེལ་དགོས་དོན་གྱི་རྒྱུ་མཚན་ཐད་རྒྱ་གཞུང་ནས་“ཆབ་མདོར་བཅིངས་འགྲོལ་བཏང་བ་དེ་ནི་བོད་ཀྱི་ལོ་རྒྱུས་འཕེལ་རྒྱས་ཁྲོད་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་དོན་ཆེན་ཞིག་རེད། ༡༩༥༠ ལོར་ཏང་ཀྲུང་དབྱངས་དང་མའོ་ཀྲུའུ་ཞིས་བོད་ལ་བཅིངས་འགྲོལ་གཏོང་དགོས་པའི་བཀའ་ཕབ་ནས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བོད་དུ་དཔུང་བསྐྱོད་བྱས་ཡོད། ཟླ་ ༡༠ ཚེས་ ༡༩ ཉིན་བཅིངས་འགྲོལ་དམག་གིས་ཆབ་མདོར་བོད་ཀྱི་སྐར་ལྔའི་དར་དམར་དང་པོར་བསྒྲེངས་པ་དང་བོད་དུ་དཔུང་བསྐྱོད་བྱེད་པའི་སྒོ་མོ་ཕྱེ་ནས་བོད་ཞི་བས་བཅིངས་འགྲོལ་བཏང་སྒོ་ཚུགས་པ་རེད།” ཟེར།

ད་དུང་ཁོ་ཚོས་“ཆབ་མདོ་བཅིངས་འགྲོལ་བཏང་སྟེ་མི་ལོ་ ༦༠ འཁོར་བའི་རྟེན་འབྲེལ་བྱེད་སྒོ་བདེ་བླག་ངང་སྤེལ་རྒྱུའི་འགན་ལེན་བྱ་ཆེད་རང་སྐྱོང་ལྗོངས་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཟླ་ ༡༠ ཚེས་ ༡༥ ནས་ ༡༧ བར་ཆབ་མདོ་ས་ཁུལ་གྱིས་མིང་ཆབ་ལ་“༢༠༡༠ ལོའི་ས་མཐོའི་སྲུང་དམག”ཅེས་པའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་མིའི་དམག་མིའི་ཞིབ་དཔྱད་རང་བཞིན་དང་དཔྱད་ཞིབ་རང་བཞིན་གྱིས་ནང་སྦྱོང་གྲུབ་འབྲས་ཐོབ་པའི་ངང་བྱས་པ་རེད།” ཅེས་སོགས་བཀོད་ཡོད་པ་རེད།

རྒྱ་གཞུང་གིས་ཆབ་མདོར་བཅིངས་འགྲོལ་བཏང་ནས་མི་ལོ་ ༦༠ འཁོར་བར་དྲན་གསོ་ཞུ་ཞེས་པའི་ཆེད་བསྒྲིགས་ལེའུ་ཚན།

གོང་གསལ་རྒྱ་གཞུང་གིས་འགྲོ་གྲོན་ཕོན་ཆེ་བཏང་དོན་ནི་རྒྱལ་སྤྱིའི་ཐོག་ལ་རྣམ་པ་བཏོན་བྱེད་དང་། ད་དུང་ཡང་བོད་མི་མང་རྣམས་དངུལ་དངོས་ཀྱིས་བསླུ་བྲིད་ཡོང་ཐབས་ལ་དམིགས་པ་ཞིག་ཡིན་པ་གསལ་པོ་རེད།

ཟླ་ ༡༠ ཚེས་ ༡༩ ཉིན་བཅིངས་འགྲོལ་དམག་གིས་ཆབ་མདོར་བོད་ཀྱི་སྐར་ལྔའི་དར་དམར་དང་པོར་བསྒྲེངས་པ་དང་བོད་དུ་དཔུང་བསྐྱོད་བྱེད་པའི་སྒོ་མོ་ཕྱེ་ནས་བོད་ཞི་བས་བཅིངས་འགྲོལ་བཏང་སྒོ་ཚུགས་པ་རེད། ཟེར་བ་ནི་ཆེས་ཚབས་ཆེ་བའི་སྐྱག་རྫུན་ཞིག་ཡིན་པ་རེད།

༢༠༡༠ ལོའི་ས་མཐོའི་སྲུང་དམག་ཅེས་པ་བཀོད་སྒྲིག་བྱས་པ་དེ་ནི་ ༡༩༥༠ ལོ་ནས་ད་བར་བོད་མི་རྣམས་ལ་དྲག་གནོན་རྒྱུན་མ་ཆད་པ་བྱས་ཡོད་པ་མ་ཟད། ད་དུང་ཡང་དེ་བས་ཛ་དྲག་པའི་དྲག་གནོན་བྱེད་བཞིན་ཡོད་པའི་དཔང་རྟགས་ངོ་མ་ཞིག་ཡིན་པ་རེད།

རྒྱུ་མཚན་དེ་དག་ལ་བརྟེན་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་ཚོགས་སྡེ་ཆེ་ཤོས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་ ༢༠༡༠ ཟླ་ ༡༠ ཚེས་ ༡༩ ཉིན་གྱི་ཕྱི་དྲོ་བཞུགས་སྒར་རྡ་རམ་ས་ལར་《རྒོལ་གཏམ་སྤེལ་བའི་བགྲོ་གླེང་།》“ཆབ་མདོར་བཅིངས་འགྲོལ་ཟེར་བའི་རྫུན་གཏམ་འོག་བཙན་འཛུལ་དང་དམར་གསོད་ཀྱི་ལོ་ ༦༠ །” ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གི་ལས་རིམ་ཞིག་སྤེལ་ཡོད་པ་རེད།

བགྲོ་གླེང་ཐོག་ཆེད་དུ་གདན་འདྲེན་ཞུས་པའི་བོད་མི་མང་སྤྱི་འཐུས་ཚོགས་ཟུར་དབུས་གཙང་སྤྱི་འཐུས་ཀརྨ་ཆོས་འཕེལ་མཆོག་དང་། མདོ་སྨད་སྤྱི་འཐུས་བསྟན་འཛིན་མགོན་པོ་མཆོག མདོ་སྟོད་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་བཅས་ཀྱིས་རྒོལ་གཏམ་གྱི་གསུང་བཤད་གནང་བ་མ་ཟད། བགྲོ་གླེང་གཙོ་སྐྱོང་བ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཞོན་སྤོ་ཆུང་ཚང་དོན་གྲུབ་ལྷ་དར་ལགས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོ་རྒོལ་བསྒྲགས་གཏམ་སྒྲོག་སྦྱངས་གནང་བ་དང་། ཚོགས་ཞུགས་པ་རྣམས་ནས་བགྲོ་གླེང་གི་གོ་སྐབས་ཀྱང་བླངས་ཡོད་པ་རེད། མདོར་ན་རྒྱ་གཞུང་གིས་ཆབ་མདོར་བཅིངས་འགྲོལ་བཏང་སྟེ་ལོ་ ༦༠ འཁོར་བའི་རྟེན་འབྲེལ་ཆེ་མོའི་དུས་སྟོན་ཟེར་བ་དེ་ཉིད་དོན་དངོས་ཇི་འདྲ་ཞིག་ཡིན་མིན་གཤམ་གསལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བསྒྲགས་གཏམ་ལས་ཤེས་ཐུབ་ངེས།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བསྒྲགས་གཏམ། འདིར་གནོན།