ན་གཞོན་སློབ་མའི་གྱེན་ལངས་ཀྱི་ལེའུ་ཞིག་འགོ་ཚུགས་སོང་།

 

བོད་ནང་གི་བོད་མི་ཚོའི་འབོད་སྒྲ་ནི་མིག་ནང་མཆི་མ་འཁོར་བ་དང་ལུས་ལ་བ་སྤུ་ལྡང་པའི་ངུ་ངག་ཅིག་རེད་འདུག

ད་ཐེངས་ཀྱི་གྱེན་ལངས་འདི་ནི་སྔོན་དུས་ཀྱི་གྱེན་ལངས་ཁག་དང་མི་འདྲ་བ། སློབ་གསོ་དང་སློབ་ཚན་སོགས་བརྗེ་སྒྱུར་གྱི་སྲིད་བྱུས་ལ་ངོ་རྒོལ་བྱས་པ་ཞིག་ཡིན་པས། འདི་ནི་མི་རིགས་ཀྱི་སྐད་རིགས་སོགས་རྩ་བའི་རྨང་གཞི་སྲ་བརྟན་ཐུབ་ཆེད་ཡིན་པ་དང། ལྷག་དོན་ངོ་རྒོལ་འདིའི་པར་རིས་བཅས་ལ་བལྟས་ན། ནར་མ་སོན་པའི་སློབ་མ་མང་པོ་ཞིག་ཡོད་ཚོད་འདུག དེ་བཞིན་ན་གཞོན་སློབ་མའི་གྱེན་ལངས་དེ་རྒྱ་གཞུང་གིས་འཛིན་བཟུང་བྱེད་འདོད་ན། རྒྱལ་སྤྱིའི་ཁྲོད་དུ་དོ་མི་བདེ་ལ་གློད་འདོད་ན་རྒྱལ་སྤྱིའི་ཁོར་ཡུག་ཁྲོད་དུ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ངེས་ཡིན་པས། ད་ལྟའི་སྐབས་རྒྱ་ནག་གཞུང་གིས་ཁ་འཇམ་ཚིག་སྙན་གྱི་བསླུ་བྲིད་ཤིག་གྲ་སྒྲིག་བྱེད་བཞིན་ཡོད་ཤག་རེད།

འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་ནང་མཐོ་རིམ་སློབ་མ་དང། སློབ་ཟུར་ཚོགས་པར་སོགས་ཀྱི་གྱེན་ལངས་བྱས་པའི་ལེའུ་མང་པོ་ཞིག་བྱུང་མྱོང་ཡོད་པ་དང། མང་པོ་ཞིག་གིས་སྤྱི་ཚོགས་དེ་དང་དེར་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད། ད་ཐེངས་རེབ་གོང་ཁུལ་གྱི་སློབ་མ་སྟོང་ཕྲག་བརྒལ་བའི་གྱེན་ལངས་འདི། བོད་མིའི་ལོ་རྒྱུས་ཁྲོད་ནས་གསར་ཐོན་ཞིག་ཡིན་ཟེར་ཆོག་ལ། འདིའི་ཐད་ལ་བཙན་བྱོལ་ནང་གི་ཚོགས་པ་ཁག་དང་། བོད་གཞུང་སོགས་ཀྱིས་ངེས་པར་དུ་དོ་སྣང་བྱེད་དགོས།

སློབ་ཚན་སྒྱུར་བཅོས་ཀྱི་དཀའ་ངལ་འདིའི་རིགས་ཆོལ་གསུམ་ས་ཁུལ་གྱི་བོད་པའི་སློབ་གྲྭ་ཚང་མར་ཡོད་ཚོད་འདུག་པས། བཙན་བྱོལ་ཁྲོད་དུ་སྐད་ཡིག་སྲུང་སྐྱོབ་བྱེད་དགོས་ཟེར་ནས་སྡུག་སྐད་ཇི་ཙམ་བརྒྱབ་པ་ལས། ད་ཐེངས་ཀྱི་གྱེན་ལངས་བ་ཚོའི་དམིགས་ཡུལ་འགྲུབ་ཆེད་དུ་ལས་འགུལ་ཞིག་སྤེལ་ཐུབ་ན། ལོ་བརྒྱ་ཕྲག་གི་རིང་ལ་བོད་སྐད་དང་བོད་མིའི་ངོ་བོ་སྲུང་སྐྱོབ་ཀྱི་ལས་དོན་སྒྲུབ་པ་ཞིག་ཡིན་སྙམ། རྒྱ་གཞུང་གི་སློབ་ཚན་དང་སློབ་གསོ་སྒྱུར་བཅོས་འདི་ལམ་ལྷུང་བྱུང་ཚེ། བོད་ཡུལ་རྒྱ་ཡུལ་ལ་མ་སྒྱུར་སྔོན་དུ་བོད་མི་རྒྱ་མིར་སྒྱུར་བའི་སྲིད་བྱུས་ཤིག་ཡིན་པས། བོད་མི་ཚང་མས་དོ་སྣང་གནང་རོགས།