བོད་དོན་རྩོད་པའི་ཀ་ཁ་བཀླགས་རྗེས་སུ།

 

ཅ་རིལ་རྐང་གཅིག་ལྟ་བའི་ཕྱི་བསྡོད་ཀྱི་ང་ཚོ།།

ཆ་ལུགས་ཀུན་ལ་འདྲིས་ཤིང་རང་གཤིས་དེ་བོར་ནས།།

ཇ་ཁ་ཆང་ཁ་ཙམ་ལ་མགོ་བོ་འདི་རྨོངས་དེ།།

ཉ་རྙོག་གཏམ་ལ་འཚུད་པ་ཡིད་སེམས་དེ་སྐྱོ་བ།།

ཏ་ལེན་ཕྲག་དུ་འཁུར་བའི་རྒན་པོ་ཞིག་ཡིན་ཡང་།།

ཐ་ཤལ་སྤྱོད་པའི་ལུགས་སུ་གང་ཐུབ་ཀྱི་འཛེམ་ནས།།

ད་ལྟའི་བོད་ཀྱི་ལས་དབང་སེམས་ཁོང་དུ་བསྒོམ་བཞིན།།

ན་ནིང་དོ་ཚིགས་༧རྒྱལ་བའི་བཀའ་སྲུང་དེ་སྒྲུབ་སོང་།།

པ་མགོ་མིན་ཡང་རང་དོན་ཁོ་ན་ཡི་ཆེད་དུ།།

ཕ་མ་ཉེ་དུ་བཞག་ནས་རྒྱང་རིང་དུ་བྱོལ་བའི།།

བ་གླང་སྤྱོད་པ་ལས་ཀྱང་སྡུག་པ་རང་མེད་ཀྱང་།།

མ་ཡུལ་གངས་ཅན་དོན་ལ་བརྩོན་མཁན་ནི་ཇེ་ཉུང་།།

ཙ་རི་ཡུལ་དུ་གནས་པའི་རང་རིགས་ཀྱི་གཞིས་ལུས།།

ཚ་གྲང་དཀའ་སྤྱད་སྡུག་རུས་འབད་མེད་དུ་བྱེད་ཞོར།།

ཛ་དྲག་དུས་དེར་དང་ལེན་འཁུར་མཉམ་གྱིས་བཞེས་དེ།།

ཝ་མོའི་གཞུང་ལ་ངོ་རྒོལ་གཅིག་རྗེས་དེ་གཉིས་མཐུད།།

ཞྭ་སེར་བསྟན་པའི་བདག་པོའི་བཀའ་དགོངས་ཀྱང་མ་བསྒྲུབ།།

ཟ་ཧོར་རྒྱལ་བོའི་གནའ་སྒྲུང་རྨི་ལམ་དུ་མ་རྨིས།།

འ་ཅག་རང་རིགས་ཟེར་ནས་རང་སྲོག་ཀྱང་མ་འབུལ།།

ཡ་མ་གཟུགས་ཀྱི་མི་ཚེ་ས་མཐའ་ནས་བསྐྱེལ་སོང་།།

ར་བ་གངས་ཀྱི་འཁོར་བའི་བོད་རིགས་ཀྱི་སྤུན་ཟླ།།

ལ་ལུང་གང་སར་གནས་པའི་ཡུལ་གྱུར་གྱི་ང་ཚོ།།

ཤ་ཁྲག་གཅིག་པའི་འདུ་ཤེས་ཟབ་མོ་དེ་བསམ་ནས།།

ས་ལའི་སྨན་ལྗོངས་ཆེད་དུ་ཆིག་སྒྲིལ་གྱིས་ལོངས་ཤོག།

ཧ་ཅང་ཀུ་རེ་ཚུལ་དུ་བྲིས་པ་རང་མིན་ཡང་།།

ཧ་ལམ་མ་བཤད་ཐུ་མེད་སྤུན་མཆེད་ཀྱི་ཀ་རྩོམ།།

ཨ་མཚར་དང་བཅས་ཀློག་རྗེས་ཤར་མར་དུ་འབྲི་དོན།།

ཨ་ལན་མེད་ན་བདེ་བོ་མེད་པ་དེ་མཐོང་སོང་།།