ཨ་སྨིཏ་སར་འགྲོ་དུས་འཆར་སྣང་།
རྐང་འཐུང་ཕང་ཕུང་ལོ་འདབ་སྔོན་མོ་བསེར་བུ་རླུང་གིས་ལྷབ་ལྷུབ་གཡོ། །
ཧ་ཅང་ལྗོན་པའི་རབ་སྟུག་གསེབ་ནས་ནག་སྣུམ་ཅན་གྱི་གཞུང་ལམ་སྟེང་། །
འགྲུལ་སྐྱེལ་རླང་འཁོར་ར་ལུག་ཁྱུ་བཞིན་རྗེས་ནས་རྫི་བོས་ཚ་འདེད་ལྟར། །
ཏི་ཏི་ཟེར་བཞིན་སྐད་སྒྲ་རབ་སྒྲོག་བྱ་ལོང་མཁའ་རུ་ལྡིང་བཞིན་བརྒྱུགས། །
བཀོད་མཛེས་ལྡན་པའི་ཡུལ་ལྗོངས་དེ་ན་ཨ་སྨྲིཏ་ས་ཡི་གྲོང་ཁྱེར་ཞེས། །
ལྷ་རིས་མཁས་པའི་པིར་ལས་འཁྲུངས་འདྲ་ཧ་ཅང་བརྗིད་ཅིང་ཡིད་དབང་འཕྲོགས། །
གྲོང་ཁྱེར་དེ་ཡི་རྒྱ་ཁྱོན་ལ་ནི་དཔག་ཚད་གསུམ་གྱི་ཚད་ཙམ་གདའ། །
མཚན་མོའི་དུས་སུ་མཁའ་ཡི་སྐར་ཚོགས་ས་རུ་ལྷུང་བ་ཇི་བཞིན་སྣང་། །
བལྟ་ན་སྡུག་པའི་གྲོང་ཁྱེར་འཇིངས་སུ་མཐོང་བ་ཙམ་གྱིས་ཡིད་འཕྲོག་པའི། །
གསེར་གྱི་ཁང་བཟང་རྒྱ་ཁྱོན་ཀ་བཞི་སྲིད་ལ་མཐོ་བརྩེགས་གཉིས་ལྡན་སྟེང་། །
ཟུར་བཞི་གསེར་གྱི་རྒྱ་ཕིབས་དག་ནི་ཉིན་བྱེད་ཐང་དུ་ལྷུང་འདྲ་བའི། །
གསེར་འོད་འཁྱུགས་པས་ཆོས་མཇལ་བ་རྣམས་འདྲེན་བྱེད་ཟུང་ཡང་བལྟ་བར་དཀའ། །
ཁང་བཟང་དེ་ཡི་ཉེ་འཁོར་ལ་ནི་དྭངས་གསལ་ཆུ་ཡི་རྫིང་བུའི་ངོགས། །
ཉ་རིགས་སྣ་ཚོགས་བག་ཡངས་ངང་ནས་རང་རང་འཁྱུག་རྩལ་ངོམས་རེས་བྱེད། །
མཛེས་སྡུག་ལྡན་པའི་རྫིང་བུའི་སྟེང་དུ་གསེར་ཟངས་ལས་གྲུབ་ཟམ་ཆུང་མཛེས། །
ཟམ་པ་དེ་ཡི་རིང་ཚད་ལ་ནི་གཞུ་འདོམ་ཉི་ཤུ་ལྷག་ཙམ་གདའ། །
དེ་ཡི་མཐའ་རུ་བརྗིད་ཉམས་ལྡན་པའི་གསེར་གྱི་སྒོ་ཆེན་ཐོག་བརྩེགས་གཉིས། །
སྒོ་ཆེན་དེ་རུ་ཆོས་མཇལ་བ་རྣམས་གྲོ་མའི་ཚང་ཆེན་བརྡོལ་བཞིན་བཞུད། །
རྫིང་བུའི་མཐའ་རུ་སྐོར་ལམ་དག་ནི་ཀ་མ་རུ་པའི་རྡོ་དཀར་གྱི། །
རྒྱུ་ཆ་ལས་གྲུབ་རབ་དཀར་གངས་རི་ཨ་ཆེན་ཐང་དུ་བཏིང་པ་འདྲ། །
སྐོར་ལམ་མཐའ་རུ་བཞི་ཐོག་ཅན་གྱི་ཁང་བཟང་མུ་ཁྱུད་བསྐོར་ལྟར་བརྗིད། །
དུས་དང་ཀུན་ཏུ་ཆོས་མཇལ་བ་ནི་ཁྲི་ཚོ་གཅིག་ལས་མི་ཉུང་བས། །
དམིགས་རྣམ་གང་བཟུང་བསྙན་རྒྱུ་དབེན་ཡང་སྦྱིན་པའི་ལས་ལ་རབ་ཏུ་བརྩོན། །
སྤྲང་འཁྱམས་ང་ཡི་འཆར་སྣང་དེ་དག་འཁྲུལ་མེད་སྨྱུག་རྩེའི་ལམ་ནས་དྲངས། །
