ཕྱི་དྲན་གྱི་ངུ་ངག །
ཆར་པའི་སྐྱེས་བཟང་ལྷུང་ལྷུང་འཇོ་བའི་མོད། །
ནོར་འཛིོན་བུ་མོའི་བཞིན་རས་ཡོངས་སུ་བརླན། །
འོད་སྨུག་འཁྲིགས་པའི་ཉི་ཟེར་མཚམས་སུ་ནི། །
རྩྭ་ལྗང་ལོ་འདབ་སྔོན་པོས་མགོ་བོ་ལྡེམ། །
རྐང་འཐུང་ལྕུག་ཕྲན་གཞོན་ནུའི་ཡལ་འདབ་རྣམས། །
ཕན་ཚུན་བསྣོལ་ཅིང་ལྡེམ་ལྡེམ་གཡོ་བས་ན། །
གཞོན་ནུ་ཟུང་གིས་ལག་གདངས་སྦྲེལ་བཞིན་དུ། །
ཞབས་བྲོ་ཁང་དུ་ཟློས་གར་རྩེན་པ་བཞིན། །
རི་ཆུ་སྔོན་མོ་ཤག་ཤག་བཞུར་ངོགས་སུ། །
འཇིགས་བྲལ་བག་ཡངས་གནས་པའི་རི་དྭགས་སོགས། །
རྩྭ་ཆུ་རོལ་བཞིན་བྱ་བྱིའུ་སྣ་ཚོགས་ཀྱིས། །
རབ་སྙན་གསུང་གི་འགྱུར་ཁུག་ལྷང་ལྷང་སྒྲོག །
མཛེས་སྡུག་ལྡན་པའི་རི་བོའི་འདབས་སུ་ནི། །
སྤྲང་འཁྱམས་ང་ཡི་ལྟེ་ཁྲག་འཕོས་པའི་ས། །
གནམ་སྔོན་ཞུན་མ་ཐང་མར་བརྡལ་འདྲ་བའི། །
བརྗིད་ཉམས་ལྡན་པའི་སྐྱིད་པའི་ཡུལ་ལྗོངས་དེར། །
ཡིད་འོང་མེ་ཏོག་གསར་བཞད་ཁྲི་མ་འབུམ། །
ཞོགས་ཁའི་བསིལ་རླུང་དལ་གྱིས་སྐྱོམ་པས་ན། །
སྒེག་ཉམས་ལྡན་པའི་མཛེས་མ་འབུམ་ཕྲག་གིས། །
ཕན་ཚུན་མཛེས་སྡུག་ངོམས་དང་ཅིས་མི་མཚུངས། །
སུམ་རྩེན་མདུན་ས་མི་ཡུལ་འཕོས་འདྲ་དེར། །
གདོད་ནས་ཆགས་པའི་འབུལ་ཐང་གྲོང་ཚོ་ཞེས། །
མཁའ་དབྱིངས་སྐར་ཚོགས་ས་རུ་ལྷུང་འདྲ་དེ། །
བརྩེ་ཆེན་ཨ་མའི་སྐྱིད་སྡུག་བཅོལ་ས་རེད། །
ཁོ་བོའི་དལ་རྟེན་མྱུ་གུ་སྔོན་མོ་འདི། །
བྱམས་ལྡན་ཨ་མའི་མངལ་དུ་ཞུགས་པ་ནས། །
ཟླ་དགུ་ངོ་བཅུ་མ་ལོན་བར་དུ་ནི། །
ཨ་མའི་འདོད་ལམ་ཡོད་ཚད་ཐམས་ཅད་བཀག །
སྔོན་ཆད་སྐུ་གཟུགས་པད་མའི་སྡོང་པོ་རུ། །
ཞལ་རས་ཆུ་སྐྱེས་མེ་ཏོག་བཞད་འདྲ་དེ། །
ད་ནི་དབུ་སྐྲ་བཞིན་ནག་གྱེན་ཟིང་སྟེ། །
ལས་ངན་མི་སྡུག་ཡི་དྭགས་གཟིགས་གྱུར་པས། །
སྔར་འདྲིས་ཡིད་མཐུན་མཛའ་བཤེས་དག་གིས་ཀྱང་། །
ཨ་མ་མཐོང་དུས་གཡས་ཟུར་གཡོན་ཟུརགྱིས། །
འཇམ་པའི་སྙིང་གཏམ་བཤད་རྒྱུའི་ཚབ་ན་སྟེ། །
མི་འདོད་ཚིག་གི་མདའ་མོ་རྣོན་པོ་འཕེན། །
ཁྲག་རྣག་ཚོས་པའི་མྱུ་གུ་ཆུང་ངུ་དེ། །
མེ་ཏོག་ལམ་ནས་ཕྱི་རུ་མངོན་པའི་ཚེ། །
བརྩེ་བའི་རབ་མྱོས་བྱམས་ལྡན་ཨ་མ་ཡིས། །
མི་གཙང་འཇམ་མཉན་ལག་པས་དལ་བུར་ཕྱིས། །
ཕྱག་སོ་འདབ་མ་བཅུ་ཡིས་ཚུར་བླངས་ནས། །
ཞིམ་མངར་ལུས་ཟུངས་བཅུད་ལྡན་འོ་མ་སྟེར། །
བྱམས་བརྩེ་བཅོས་མིན་འཛུམ་དཀར་བསྟན་པ་ན། །
དེ་ལན་ངུ་ངག་ཕྲེང་བ་འབུམ་དུ་བགྲངས། །
དེ་ནས་ལོ་ཟླ་རིམ་གྱིས་འདས་ནས་ནི། །
བུ་ང་ཁྱར་ཁྱོར་གོག་འགྲོས་བཞུད་དུས་སུ། །
བྱམས་བརྩེ་མེ་ཏོག་ཁོག་ན་རབ་དགོད་པའི། །
བདག་ལུས་སྦྱིན་པའི་སྐྱེ་བའི་ལམ་སྟེར་གྱིས། །
ཨ་མའི་སྙིང་གི་ཟེའུ་འབྲུ་སྨྲེང་བཞིན་དུ། །
མཉན་འཇམ་སྙིམ་ཟུང་འདབ་མའི་རྩེར་བཀོད་དེ། །
ཨུཏ་པལ་ལྟར་མཛེས་མིག་ཟུང་ཅེར་བ་ལ། །
མི་གཙང་སྐྱག་གཅིན་དྲི་ངན་སྐྱེས་སུ་ཕུལ། །
ཁྲག་དང་མཆི་མའི་ལོ་ཟླའི་ཁྲོད་དུ་ནི། །
ཁོ་བོའི་སླད་དུ་དུས་བཞི་འཁོར་ལོའི་ནང་། །
མི་བཟོད་དབྱར་དགུན་ཚ་གྲང་ཁྱད་བསད་ནས། །
རིན་བྲལ་རྒྱུ་ནོར་དངུལ་དངོས་བསོག་འཇོག་བྱེད། །
ཡོད་ཚད་བུ་ངའི་མདུན་ལམ་ཆེད་དུ་ནི། །
རྟག་ཏུ་རེ་བའི་ལོ་ཟླ་སྡུག་གིས་བསྐྱལ། །
དེ་འདྲའི་ཨ་མའི་བཀའ་དྲིན་དྲན་སྐབས་སུ། །
འཛད་མེད་མིག་ཆུ་རྒྱ་མཚོའི་ཀློང་ལྟར་བརྡོལ། །
