དྲ་རྒྱའི་ཟིན་བྲིས་སུ་རྩོམ་ཡིག་སྤེལ་བའི་ཆ་རྐྱེན།

 

དེང་སང་མི་མང་པོ་ཞིག་གིས་དྲ་རྒྱ་ནི་བྱིས་པའི་རྩེད་ཆས་ལྟ་བུ་ཞིག་ཏུ་བསམ་ནས་གང་བྱུང་བྱུང་དུ་བེད་སྤྱོད་བྱེད་ཆོག་པ་སེམས་བཞིན་ཡོད་པ་འདྲ། ངས་ལྟས་ན་དེ་འདྲ་མིན་པ་དྲ་རྒྱ་ནི་ཚགས་ཤོག་དང་དུས་དེབ་བཞིན་དུ། དྲ་རྒྱའི་ནང་གི་རྩོམ་ཡིག་ལའང་སྤྱིར་རྩོམ་ཡིག་ལ་ཚང་དགོས་པའི་ཆ་རྐྱེན་དེ་དག་ལོས་དགོས་སྙམ། དྲ་རྒྱ་དོ་དམ་པས་ཀྱང་ཟིན་བྲིས་སུ་སྤེལ་བའི་རྩོམ་ཡིག་དེ་དག་ལ་བརྟག་དཔྱད་ལེགས་པ་བྱས་ནས། ཚང་དགོས་པའི་ཆ་རྐྱེན་དེ་དག་ཚང་ཡོད་མེད་ངེས་པར་དུ་བལྟ་དགོས། དོ་དམ་པས་སྟངས་འཛིན་ལེགས་པོ་ཞིག་མ་བྱས་ན་མ་འོངས་པར་དྲ་རྒྱའི་རིན་ཐང་ཡོད་ཚད་ཆུ་ནང་རྩམ་པ་གཏོར་བ་བཞིན་དུ་མི་འགྱུར་བའི་ངེས་པ་མི་འདུག གནས་ཚུལ་དེ་དག་བྱུང་ཚར་དུས་ཕྱིར་ལེགས་བཅོས་ཤིག་བྱེད་དགོས་ནའང་ཤིན་ཏུ་དཀའ་བའི་གནས་སུ་ལྷུང་ཟིན་པས། ཕུ་མི་བདེ་བྱ་ཚང་རླུང་གིས་གཏོར། ། མདོ་མི་བདེ་ཉ་སྲམ་ཆུ་ཡིས་ཁྱེར། །ཞེས་པའི་དཔེ་ལྟར་གྱུར་ནས་བྱ་དཀའ་བྱེད་གཏད་ཡོང་རྒྱུ་རང་རེད།

དྲ་རྒྱ་ནི་དེང་གི་ཞབས་བྲོའི་མཚན་ཚོགས་ལྟ་བུའི་གང་བྱུང་མ་བྱུང་འཁྲབ་ཆོག་པ་ཞིག་ཏུ་ལྟ་བཞིན་ཡོད། རང་ཉིད་ཀྱི་རྐང་ལག་སོགས་གཡུག་འདོད་གང་ཡོད་གཡུག་ཆོག་པའི་སྟེགས་ལྟ་བུ་ཞིག་ཏུ་ལྟས་ན་དེ་ནི་ནོར་འཁྲུལ་ཆེ་ཤོས་ཤིག་རེད། དྲ་རྒྱའི་ཟིན་བྲིས་ཙམ་མ་ཚད་མི་ཚད་ལྡན་ཞིག་ཡིན་ན། རང་ཉིད་ཀྱིས་བཤད་པའི་སྤྱི་སྟངས་སྐད་ཆ་ལའང་འགན་འཁུར་དགོས་པའི་འདུ་ཤེས་བརྟན་པོ་ཡོད། རྩོམ་ཡིག་འབྲི་མཁན་གྱི་མི་ཞིག་ཡིན་ན་དེ་བས་ཀྱང་རང་ཉིད་ཀྱིས་བཤད་པའི་སྐད་ཆའི་ངོ་བོ་དང་། རྣམ་པ། གོང་འོག་གི་འབྲེལ་བ་དང་། རབ་བྱུང་ན་སྒྱུ་རྩལ་གྱི་ཉམས་འགྱུར་སོགས་ལ་ཚད་ལྡན་གྱི་ཁྱད་ཆོས་ངེས་པར་དུ་ཚང་དགོས། ད་དུང་དངོས་བསྟན་དང་ཤུགས་བསྟན་སོགས་བསྟན་དོན་ཐམས་ཅད་བརྡ་སྤྲོད་རིག་པའི་གཞུང་ལུགས་དང་མི་འགལ་བར། རང་ཉིད་ཙམ་མ་ཚད་ཀློག་མཁན་གཞན་གྱིས་ཀྱང་འགྲེལ་བཤད་དེ་ལྟར་རྒྱག་ཐུབ་པ་ཞིག་ངེས་པར་དུ་དགོས། དེ་འདྲ་ཞིག་མ་བྱུང་ན་རང་གིས་བཤད་པའི་སྐད་ཆ་དེ་དག་ཉིན་གསུམ་གྱི་རྗེས་སུ་རང་གིས་ཀྱང་འགྲེལ་བཤད་རྒྱག་མི་ཤེས་པར་འགྱུར་རྒྱུ་ཉག་གཅིག་རེད།

དྲ་རྒྱའི་ཟིན་བྲིས་པ་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་གང་དགོས་སམ་ཞེ་ན། རང་ཉིད་ཀྱིས་བཤད་འདོད་པའི་སྐད་ཆ་རྣམས་མ་འདྲེས་པར་ཀློག་པ་པོ་ལ་གསལ་པོར་བསྟན་ཐུབ་པ་ཞིག་མ་མཐའ་དགོས། དེ་ཙམ་ཞིག་ཀྱང་བཤད་ཐུབ་པའི་ནུས་པ་མེད་བཞིན་དུ་ད་དུང་ཨུ་ཚུགས་ཀྱིས་བཙན་སྒྲིག་བྱས་ནས་ཟིན་བྲིས་སུ་འཚང་བ་ལ་དགོས་པ་ཆེར་མེད། ཁ་ཤས་ཀྱིས་བྲིས་པའི་ཚིག་གི་བརྗོད་པ་ཐུང་ངུ་ཞིག་ལའང་། གོ་རྒྱུ་ཚོར་རྒྱུ་མེད་པ་བོད་སྐད་ཀྱི་དྲི་ཙམ་ཡང་མི་བྲོ་སྟེ་ཕྱི་གླིང་པ་མགོ་སེར་ཞིག་གིས་བོད་སྐད་བཤད་པ་བཞིན་མགོ་མེད་མཇུག་མེད་དེ་འདྲ་ལ། དྲ་རྒྱའི་ཟིན་བྲིས་པ་ཡོངས་ཀྱིས་དེ་དག་ལ་ཁ་ཕྱོགས་གསལ་པོ་ཞིག་མ་བསྟན་པ་རང་སོར་བཞག་ན། རྒྱ་མིན་བོད་མིན་གྱི་སྐད་ཆ་དང་། ཇ་མིན་ཆུ་མིན་བྲོ་བ། མི་མིན་ཟོག་མིན་གྱི་བསམ་བློ་དེ་རྣམས་དྲི་མེད་དྭངས་གཙང་གི་རང་བཞིན་ཞིག་ཏུ་འགྱུར་མི་ཐུབ། ཐབས་ལམ་གང་ཞིག་ལ་བརྟེན་ནས་དྲི་མ་ངན་པའི་རང་བཞིན་དེའི་ཚོན་མདོག་བསྒྱུར་ཕྱོགས་ལ་དྲ་གྲོགས་རྣམས་ཀྱིས་བསམ་འཆར་འདྲ་མིན་བཤད་རྒྱུ་རེད་བསམ།

དྲ་རྒྱའི་ནང་དུ་ཟིན་བྲིས་འབྲི་མཁན་གྱིས་གང་བཤད་པ་དེ་ཀློག་མཁན་གྱི་སེམས་ངོར་ར་འཕྲོད་ཐུབ་པ་ཞིག་ངེས་པར་དུ་དགོས། དེ་ཡང་ཁ་གསལ་ཞིང་གཏིང་ཚུགས་པ། རྒྱུ་མཚན་དང་གནས་ལུགས་ལྡན་པའི་རང་བཞིན་ཅན། དགོས་པ་གཞན་མེད་ན་སྦས་པའི་བཀག་རྒྱ་ལས་བྲལ་བ། ལྷ་རབ་བྱུང་ན་སྒྱུ་རྩལ་ཉམས་འགྱུར་སྲོག་ཏུ་ཞུགས་ཏེ་གསོན་ཉམས་མངོན་དུ་གྱུར་པ་སོགས་དགོས་གལ་ཆེ། དེང་སང་དྲ་རྒྱའི་ཟིན་བྲིས་པ་འགའ་ཤས་དེ་ལྟར་མིན་པ་བོད་ཀྱི་སྐད་ཡིག་གི་འཕྲད་དང་རྣམ་དབྱེ་ཙམ་ཡང་མ་ཤེས་གོང་། དྲ་རྒྱའི་ཟིན་བྲིས་སུ་ཞུགས་ཏེ་རང་སྣང་གང་ཤར་གྱིས་སྨྱོན་པའི་ལབ་རྡོལ་བཞིན་དུ་གོ་རྒྱུ་ཚོར་རྒྱུ་མེད་པ། མགོ་མེད་མཇུག་མེད་ཀྱི་རྩོམ་ཡིག་མང་པོ་ཞིག་དེང་གི་དྲ་རྒྱ་རྣམས་སུ་ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་བཞིན་འདུག དེའི་རྒྱུ་རྐྱེན་ནི་གཞན་གྱིས་སྐྱོན་བརྗོད་མེད་པ་དང་། རང་གིས་འགན་འཁུར་མི་ཤེས་པའི་སྐྱོན་ལས་བྱུང་བ་ཡིན། གཞན་གྱིས་སྐྱོན་བརྗོད་མེད་ན་རང་གིས་འགན་འཁུར་དགོས་པའི་འདུ་ཤེས་རྙེད་མི་ཐུབ། སྐྱོན་ལ་མཛུབ་མོ་འཛུགས་རྒྱུ་དེ་གལ་ཆེན་ཞིག་ཏུ་མཐོང་། ཟིན་བྲིས་འབྲི་མཁན་གྱིས་ཀྱང་ཤ་ཚ་བའི་གཏམ་ལ་སྙན་པོ་མེད། ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད་པའི་དཔེ་ལྟར་དང་དུ་ལེན་ཐུབ་དགོས་སོ། །