ལྷག་པ་ཚེ་རིང་ལགས་རྡ་སར་འབྱོར་བ།
སྐབས་དེར། ལྷག་པ་ཚེ་རིང་ལགས་ཀྱིས་ཁོ་རང་འདི་ལྟར་འགྲོ་དགོས་པའི་རྒྱུ་མཚན་སོགས་གསུངས་དོན།
“ང་རང་ཨ་རི་ལ་འབྱོར་ནས་ལོ་བཅོ་ལྔ་ཙམ་ཡིན་ལ། ཨ་རིའི་ནང་གྲང་བའི་སྐབས་ཚ་གློག་དང་། ཚ་བའི་སྐབས་གྲང་གློག་ནས་བཟུང་ཆ་རྐྱེན་ཆེན་པོ་འདུག་ལ། སོ་སོ་ཡིན་ནའང་སྐྱིད་པོ་འདུག ཡིན་ནའ་ངས་བོད་ནང་གི་བོད་པ་ཚོའི་ཉིན་གཅིག་གི་དཀའ་སྡུག་ཚུན་ཆད་བསམས་ནས་བཟོད་མ་ཐུབ་པ། ད་ལྟའི་བོད་ཀྱི་གནས་སྟངས་འདི་འཛམ་བུ་གླིང་གིས་ཤེས་སུ་མཇུག་ཆེད། འདི་ལྟར་འཁོར་སྐྱོད་བྱེད་ཀྱིན་ཡོད་ལ། ངས་དེ་སྔོན་རྒྱལ་ཁབ་མི་འདྲ་བ་ ༢༦ ནང་སོང་ཟིན་པ་དང་། རྒྱལ་ཁབ་དེ་དག་གི་ནང་བོད་དོན་དྲིལ་བསྒྲགས་ཀྱིས་མཚོན་པའི་ངོ་སྤྲོད་མང་པོ་བྱ་ཐུབ་སོང་”ཞེས་སོགས་གསུངས་པ་དང་།
ཡང་ཁོང་གིས་ད་ལྟའི་ལས་འགུལ་འདི་ཐོག་མ་ཇི་ལྟར་འགོ་བཙུགས་སྟངས་ཐད་ནས་གསུངས་དོན། “:ང་རང་གིས་ད་ལྟའི་ཆུང་མ་འདི་ཐོག་མ་ཐུག་དུས་ནས། ངས་བོད་དོན་ཆེད་ལས་འགུལ་ངེས་ཅན་ཞིག་སྤེལ་དགོས་ཀྱི་ཡོད། དེར་བརྟེན་ཁྱེད་ཀྱིས་དེ་ལ་མོས་མཐུན་གནང་ཐུབ་ས་རེད་དམ་ཞེས་དྲིས་ཡིན། ཁོ་མོས་ཀྱང་མོས་མཐུན་བྱས་རྗེས་ང་གཉིས་བཟའ་ཟླ་གྱུར་སོང་། ད་ལྟ་ཕྲུ་གུ་གཅིག་ཡོད” ཅེས་སོགས་གསུངས་སོང་།
སྐབས་དེར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀྱིས། ཁོང་ལ་ཐུགས་རྗེ་ཆེ་ཞུ་དང་ལྷན། ལག་རྟགས་དང་མཇལ་དར་ཕུལ་སོང་ལ། ཁོང་གིས་ལྷག་པ་ཚེ་རིང་ལགས་ལ་ང་ཚོའི་གཞོན་སྐྱེས་ཚོས་མིག་དཔེ་བལྟ་དགོས་པ་སོགས་ཀྱི་ཐད་ནས་གསུངས་དོན། ལྷག་པ་ཚེ་རིང་ལགས་ཀྱིས་འདི་ལྟར་ལྷག་བསམ་དང་། སྙིང་སྟོབས་ཆེན་པོས། ལས་འགུལ་རླབས་ཆེན་ཞིག་སྤེལ་ཡོང་དུས། དགྲ་མི་ལ་ག་རེ་བརྡ་ལན་སྤྲད་ཡོད་རེད་ཟེར་ན། ཁྱེད་ཚོ་སྟོབས་ཆེན་ག་ཚད་ཆགས་ནའང་། ང་ཚོ་ད་རུང་སྲ་ཐག་ཐག་ཡོད་ད་ཟེར་བའི་ལན་སྤྲད་ཡོད་ལ། དེ་བཞིན་ང་ཚོ་བོད་ཀྱི་གཞོན་སྐྱེས་ཚོས་མི་རེ་ངོ་ནས་འདི་ལྟར་སེམས་ཤུགས་འཆང་བ་དང་། ལས་འགུལ་སྤེལ་ཐུབ་པ་ཡིན་ན། དགྲ་མི་སྟོབས་ཆེན་རྒྱལ་ཁབ་གཉིས་པ་ཆགས་ཀྱི་ཡོད་རེད་དེ། ང་ཚོས་ཁ་གཏད་བཅག་ནས། བོད་རང་བཙན་སྐྱར་གསོ་བྱེད་ཐུབ་ཀྱི་སྙམ་པའི་གདེང་ཚོད་ཡོད་”ཅེས་པ་སོགས་སོང་།
ཡང་ཁོང་གིས་མུ་འཐུད་ནས་གསུངས་དོན། ཕྱི་ཟླ་༡༡ པའི་ཚེས་༡༢ ཉིན་མོར་དགྲ་ནག་ཏུ་ཨེ་ཤ་ཡའི་རྩེད་འགྲན་འཚོགས་ཀྱི་ཡོད་སྟབས། དུས་ཚོད་དེ་དང་བསྟུན་ནས། ལྷག་པ་ཚེ་རིང་ལགས། རྒྱལ་ས་ལྡི་ལི་རུ། མར་ཕེབས་སྐྱེལ་ཞུ་འཆར་ཡོད་ལ། དེ་བཞིན་ཟླ་བ་དེའི་ཚེས་༤ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་ས་གཉིས་ཀྱིས་ཉིན་གཅིག་དུས་གཅིག་ལ། དགྲ་མི་ཡིས་བོད་ནང་སློབ་ཚན་བཅོས་བསྒྱུར་གྱི་བཙན་གནོན་དེར་དམིགས་པའི། ངོ་རྒོལ་གཞི་རྒྱ་ཆེན་པོ་ཞིག་བྱ་འཆར་ཡོད་པ་སོགས་ཀྱང་གསུངས་སོང་།
གཏམ་བཤད་ཀྱི་མཇུག་ཏུ་ཚོགས་པ་ཁག་དང་མང་ཚོགས་ཀྱིས་ལྷག་པ་ཚེ་རིང་ལགས་ལ་ལེགས་གསོའི་མཇལ་དར་བསྒྲོན་ནས་འདུ་ཚོགས་དེ་གྲོལ་སོང་།