ཁྱོད་ཀྱི་རྐང་རྗེས་གསལ་ལུགས་འདི།།

 


ལམ་ལུགས་མེད་པའི་རྒྱལ་ཁམས་བསྐོར་ནས་མིག་ཡུལ་འཆར་བའི་རྨི་ལམ་དག།

སྣང་བའི་དབྱིངས་ཀྱི་ཟློས་གར་འདི་ཉིད་དངོས་བྱུང་སེམས་ཀྱི་རི་མོར་འཛིན།།

ཡོད་ཚད་རིན་བབ་རང་གིས་རྒྱག་བཞིན་ཚོང་གི་མགྲོན་སར་ཆས་པའི་ཚེ།།

གསལ་བར་བཀྲ་བའི་དཔར་རྗེས་དག་ལ་གོང་ཚད་གཞན་གྱིས་རྒྱག་ངེས་ཡིན།།


མཁའ་དབྱིངས་རྩེན་པའི་ཤོག་བྱ་འདི་དག་བྱ་ཡི་སྣང་བར་འཁྲུལ་གྱུར་ནས།།

རླུང་གིས་བདས་པའི་འཕུར་སྟངས་འདི་ནི་རང་གི་རྙེད་པའི་ལམ་ཞིག་སེམས།།

རྐང་པའི་སྣེ་མོ་རྡོ་རུ་ཐུག་པའི་གོམ་གསུམ་བགྲོད་ཀྱི་མགྱོགས་ལུགས་དེར།།

གོམ་པའི་མདུན་སོ་སྔོན་དུ་སླེབས་ཚེར་རང་གི་རྐང་པར་མཚར་སྣང་སྐྱེས།།


མཁའ་རླུང་དྭངས་མོ་རྒྱུ་ཕྱོགས་འདི་ཡིས་ཤོག་སྙིགས་གང་སར་གཏོར་ལུགས་ལ།།

བསམ་པའི་དཔལ་ཡོན་མཁའ་རུ་འདེགས་པའི་སེམས་ན་འཆར་བའི་རྨི་ལམ་ཙམ།།

རི་མོ་མེད་པའི་ཤོག་ངོས་འདི་ལ་ཚོན་མདངས་བྲལ་བས་འབྲི་ལུགས་ཀྱིས།།

དོན་གྱི་བརྗོད་དོན་ཇི་ཙམ་ཉུལ་ཡང་མིག་ཡིད་གཉིས་ལ་འཆར་རབས་མེད།།


དྲྭ་ལམ་ངོས་ན་ཕྲལ་མར་སྤེལ་བའི་དཔར་མའི་རི་མོ་མཛེས་ལུགས་འདི།།

ཚོར་འདུ་བོར་བའི་རྐང་རྗེས་འདི་ཡང་གཞན་གྱིས་བཞག་པའི་རི་མོ་ཡིན།།

དཔར་རྗེས་རི་མོ་ལན་བརྒྱར་དཔར་ཡང་རི་མོ་འདི་ཉིད་རི་མོ་ཙམ།།

རྐང་རྗེས་འདི་ཉིད་ཇི་ལྟར་མཛེས་ཀྱང་རང་གིས་དཔར་བའི་དཔར་རྗེས་མིན།།

དྲྭ་ཐོག་ན་མཐོང་ཐོས་འགའ་ཞིག་གི་རྗེས་སུ་རང་ཤག་ཏུ་བྲིས། ༢༠༡༠། ༡༠། ༢༨ ཉིན།