དེ་ཡང་ཞོགས་པའི་ཆུ་དགུ་ཕྱེད་ཐོག་གཙོ་བོ་སྦེལ་ཀོབ་བོད་ཁྱིམ་སློབ་མས་སྣེ་ཁྲིད་དེ་སྤེལ་ཀོབ་དབུས་ཉིན་སློབ་དང་། སེ་ར་བྱེས་སྨད་གཉིས་ཀྱི་སློབ་གྲྭ བདེ་སླར་ཉིན་སློབ་བཅས་སློབ་གྲྭ་ཁག་ལྔའི་སློབ་བུ་ ༡༥༠༠ ལྷག་ཅིག་གིས། མི་རིགས་འདྲ་མཉམས་དང་། སྐད་ཡིག་རང་དབང་ཞེས་པའི་བྱང་བུ་ཐོགས་ནས་ངག་བཅད་ཀྱིས་གཞིས་གྲོང་དང་པོ་ནས་གོམ་བསྒྲོད་བྱས་ནས་སེ་ར་དགོན་པ་དང་། རྣམ་གྲོལ་གླིང་བཅས་བརྒྱུད་ནས་མཐར་ཚུ་ཚོད་བཞི་པ་ཡོལ་རྗེས་གཞིས་གྲོང་དང་པོར་མཇུག་བསྡུས་ཡོད་པ་རེད། ལས་འགུལ་སྐབས་དབྱིན་བོད་གཉིས་ཀྱི་སྐད་ཡིག་ཐོག་བོད་ནང་གི་བོད་ཀྱི་སྐད་ཡིག་དང་བོད་རིགས་སློབ་མའི་གནས་བབ་ངོ་སྤྲོད་གྱི་གཏམ་བཤད་དང་། གཞན་ཁོང་ཚོའི་ལས་འགུལ་དེའི་དགོས་དོན་གསལ་བསྒྲགས་སུ་བཙན་བྱོལ་བོད་རིགས་སློབ་ཕྲུག་ཐུན་མོང་ནས་བོད་ནང་གི་སློབ་ཕྲུག་ཚོའི་ཞུམ་པ་མེད་པའི་སྙིང་སྟོབས་དང་། སྐད་ཡིག་ལ་བཅངས་པའི་ལ་རྒྱ་ལ་གདུང་སེམས་མཉམ་བསྐྱེད་དང་། རྒྱ་གཞུང་གིས་བཀག་ཉར་བྱས་པའི་དགེ་སློབ་རྣམས་གློད་གྲོལ་དགོས་ཅེས་བསྒྲགས་གཏམ་སྤེལ་བཅས་སྤེལ་སོང་། མེ་སོར་གསར་འགོད་པས།