དེབ་རྒྱབ་ཤ་དཀར་པོ་དང་གཏམ་རྒྱུད་ལེའུ་གཅིག
རེད་ཡ་ ངས་དེབ་དེ་བཀླགས་ནས་བཟུང་བཀུར་འོས་ཏྰ་ལའི་བླ་མ་མཆོག་དང་ཁོང་གི་དཀའ་སྡུག་མི་ཚེ་།འཚོ་སྟངས་ཀྱི་སྐོར་ཤེས་རྟོགས་བྱུང་།<<བཙན་བྱོལ་ནང་གི་རང་དབང་>>སྐོར་བཤད་ན།ང་ཡི་ལག་ཏུ་རྙེད་སྟངས་ལས་སླ་པོ་རྩ་བ་ནས་མ་རེད།ཤིན་ཏུ་ཉེ་བའིམི་ཞིག་དང་ང་གཉིས་སྔར་ནས་དེའི་སྐོར་ལ་གླེང་སློང་མང་པོར་བྱས་མྱོང་།སྐབས་ཤིག་ཁོང་གིས་ཁྱེད་ཀྱིས་<<བཙན་བྱོལ་ནང་གི་རང་དབང་>>རག་ཐབས་བྱོས་དང་ཟེར།ང་ནི་སྐད་ཆ་དེ་ཐོག་མར་གོ་དུས་ཡ་མཚན་གྱིས་མྱོས་ཐལ།རྒྱུ་མཚན་ནི་དེང་སང་གོ་དམ་པའི་སྲིད་ཇུས་འདི་འདྲའི་འོག་སུས་དེབ་དེ་ཉོ་ཐུབ་བམ།རིམ་བཞིན་ངས་ཁོ་པར་མི་ཡི་བསམ་བློ་དང་གཤིས་སྤྱོད་གསོན་གནས་ཐུབ་པའི་ལམ་རིམ་བསྟན་པའི་རྒྱ་བོད་ཡིག་རིགས་གཉིས་ཀའི་ཐོག་དཔེ་དེབ་མང་པོ་ཡོད།འོན་ཀྱང་ང་གཉིས་ཀྱི་ལག་ཏུ་ལས་སླ་པོར་རག་ཐུབ་ཐབས་མེད།ཞེས་ལན་འདེབས་བྱས་པ་ཡིན། བསམ་ཡུལ་ལས་འདས་པ་ཞིག་ལ་དེབ་དེ་ད་ལྟ་ང་ཡི་ལག་ཏུ་རྙེད་པ་དེ་རེད། ད་དུང་ཡ་མཚན་པ་ཞིག་ལ་དེབ་དེ་ཀྲུང་གོའི་སྲིད་གཞུང་གི་ལས་མི་ཞིག་ལག་ནས་རག་པ་དེ་རེད།ང་དང་ལས་བྱེད་པ་དེ་གཉིས་ཐོག་མར་འཕྲད་ས་ལྷ་ས་ནས་རེད།དེ་དུས་ཁོང་གློག་བརྙན་བཟོ་བསྐྲུན་པའི་ལས་རོགས་རྣམས་དང་ལྷན་དུ་འདུག ཁོ་ཚོས་བོད་ཀྱི་དགོན་སྡེ་ཁག་གློག་བརྙན་དཔར་དུ་སླེབས་པ་ཡིན་འདུག་ལ།
ཕྱི་རོལ་ཏུ་མཛེས་སྡུག་གི་བཀྲ་བའི་དགོན་སྡེ་དག་གློག་བརྙན་དཔར་ན་ཁོང་ཚོར་མ་དངུལ་མང་པོར་བསགས་ཐུབ་པ་འདྲ།
འོན་ཀྱང་ཁོ་ཚོར་དེ་དག་ཉེན་རྟོག་པའི་ལག་ཏུ་ཤོར་པའི་སེམས་ཁྲལ་དང་དོགས་པོ་ཆེན་པོར་བྱེད་ཀྱི་འདུག གང་ཡིན་ཞེ་ན་བོད་ཀྱི་རིག་གནས་སློིབ་གསོ་དང་འབྲེལ་བ་ཡོད་ཕྱིན།ཉེན་རྟོག་པས་སླ་པོ་ཕྱི་ཕྱོགས་སུ་ཁྱེར་མི་བཅུག་པ་དེ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་རེད། ང་ལ་མཚོན་ན་གནས་ཚུལ་དེ་འདྲ་ཐེངས་ཁ་ཤས་ཐུག་མྱོང་ཏེ།ངས་ཇོ་མོ་ཞེས་པའི་སྒྲུང་གཏམ་ཞིག་བྲིས་ཏེ།དུས་དེབ་ཞིག་གིརྩོམ་སྒྲིག་ཁང་ལ་སྐུར་པ་ཡིན།ཅང་མ་འགོར་བར་རྩོམ་སྒྲིག་པས་ང་ལ་ཡི་གེ་ཞིག་བཏང་བྱུང་།ཡི་གེ་ནང་བརྗོད་གསལ་སྒྲུང་གཏམ་ཧ་ཅང་ཡག་པོ་འདུག ཡིན་ཡང་ཁྱེད་ཀྱིས་གནས་དོན་བྱེད་བྲག་ཁ་ཤས་བཅོས་ཐུབ་པ་བྱ་ན་འགྲིག་གི་ཡོད་དམ།ཞེས་འཁོད་འདུག ངས་ཀྱང་རྩོམ་སྒྲོག་པས་སྐུལ་པ་བཞིན་གནད་དོན་བྱེ་བྲག་པ་ཁ་ཤས་ལ་བཟོ་བཅོས་བཏབ་ནས་ཡང་བསྐྱར་རྩོམ་སྒྲིག་ཁང་ལ་ཕར་བསྐུར་པ་ཡིན།དུས་གང་མཚམས་རྗེས་སུ་ཡང་རྩོམ་སྒྲིག་པའི་ང་ལ་འཕྲིན་ཡིག་འབྱོར་བྱུང་།ངས་ཁ་ཕྱེ་ལྟ་དུས་ཡི་གེ་ནང་དུ། དགེན་ཀྲུའུ་རེམ་ལགས་སྐུ་ཁམས་བཟང་།ཁྱེད་ཀྱིས་བཅོས་ཟིན་པའི་སྒྲུང་གཏམ་དེ་ང་ཡི་ལག་ཏུ་འབྱོར་བྱུང་།ཁྱེད་རང་ང་ཡི་སྐུལ་མ་ལ་དང་ལེན་གནང་བར་བཀའ་དྲིན་ཆེ། དེ་རིང་ཡང་བསྐྱར་ངས་ཁྱེད་རང་སུན་པའི་གནས་ཚུལ་ཤིག་ཞུ་དགོས་འཁེལ་སོང་། ང་ཚོའི་དབུ་འཛིན་གྱིས་((ཇོ་མོ))ནང་དུ་ཅི་ཞིག་གི་བྱུང་བ་བྲིས་འདུག་ཟེར་ནས་ཞིབ་འཇུག་ནན་མོ་བྱེད་ཀྱི་འདུག ཁྱེད་ཀྱིས་ཐལ་བརྒལ་ཆེ་བའི་མི་སྣ་ཞིག་གི་བྱུང་བ་བྲིས་ཡོད་པ་མིན་ནམ།སྒྲུང་ནང་དུ་མི་སྣ་ཞིག་གི་དངོས་མིང་སྤྱད་་ཡོད་དམ། ཡང་ན་མིང་ཚབ་སྤྱོད་ཡོད་དེའི་སྐོར་གསུང་རོགས་ཞུ།
གཞོན་ནུའི་སྒྲུང་གཏམ་རྩོམ་སྒྲིག་ཁང་གིས་གུས་ཕུལ་ཞེས་འཁོད་འདུག
འཕྲིན་ཡིག་དེ་དང་ལྷན་དུ་སྒྲུང་གཏམ་ཡང་ཕྱིར་སློག་འདུག གནས་ཚུལ་དེས་ང་ལ་ར་སྤྲོད་གཅིག་བྱུང་པ་ནི་བོད་ཀྱི་རིག་གནས་སློབ་གསོ་དང་དེ་དང་འབྲེལ་བ་ཡོད་རིགས་རྣམས་ཀྲུང་གོ་ཡིས་འཆར་གཞི་དང་ལྡན་པའི་ངང་ནས་ཅི་ཞིག་བཟོ་གིན་ཡོད་པ་དེ་རེད། ཀྲུང་གོ་སྲིད་གཞུང་གིས་རྒྱུད་ལམ་ཁག་ཏུ་བོད་ཀྱི་རིག་གནས་སློབ་གསོ་ཁྱབ་བསྒྲགས་བཏང་པ་དེ་རིག་གནས་སློང་གསོ་མི་ཉམས་པར་གསོ་པའི་དམིགས་དབེན་དུ་བཟུང་ཡོད་ཅེས་ཟེར་ན་ཡང་།བྱེད་སྟངས་འདིས་བོད་མི་རིགས་ག་ལེར་མེད་པ་བཟོ་པའི་ལག་ཆ་མ་ཡིན་ནམ།
ད་ལོའི་ཕྱི་ཟླ་གསུམ་པའི་གྱེན་ལོག་གི་དོན་རྐྱེན་སྐབས་རྒྱ་རིགས་མང་པོ་ཞིག་གིས་བོད་པས་གང་གི་དོན་དུ་འཐབ་རྩོད་བྱས་པ་ཤེས་རྟོགས་ཐུབ་ཡོད།གྱེན་ལོག་དེ་ནི་ཀྲུང་གོ་བས་བོད་ཀྱི་རིག་གནས་སློབ་གསོ་ལ་བལྟ་སྟངས་ཁྱད་པ་བ་ཞིག་གིས་འཕངས་འབྲས་རེད།
ད་ནས་གོང་གི་<<བཙན་བྱོལ་ནང་གི་རང་དབང་>>སྐོར་མུ་མཐུད་ནས་བཤད་ན
འཕྲོས་མུ་དགོད་བྱ་ཆོག་་་་་་་་་་་་་་་་་་་་་་