སྤྲིན་དཀར་གྱི་འདབ་མ་དང་ལྷན་དུ་སེམས་ཀྱི་བྱེའུ་ཧི་མ་ལ་ཡི་རི་སུལ་འཕུར།།

 

སྙིང་གི་ཐིག་ལེར་རྒྱུན་དུ་འཁྱིལ་བའི་མཛའ་གྲོགས་ཁྱེད་རང་གང་ཕེབས་ཀྱང།།

ཁྱེད་ལ་འཇོག་པའི་བག་ཆགས་ཕྲ་མོས་ཁྱེད་ཉིད་བརྗེད་པ་མི་འདུག་པས།།

དུས་དྲུག་དྲན་པ་ཁྱེད་ཀྱི་ཉམས་འགྱུར་གསུང་སྐད་སྒྱུ་རྩལ་རེ་རེ་ཡང།།

ཁུ་བྱུག་སྔོན་མོ་དབྱངས་དང་འདྲ་བ་མྱི་རྣམས་དགའ་ལྡན་ཅི་ཡང་བསྐྲུན།།

གདོས་བཅས་ཕུང་པོ་ལྷོ་རུ་གནས་ཀྱང་སེམས་ཀྱི་བྱེའུ་བྱང་དུ་ཕུར།།

མཐོ་སྒང་གངས་ཀྱི་རི་སུལ་ཉལ་ནས་ཁྱེད་ཀྱི་རྐང་རྗེས་སླར་ཡང་བཙལ།།

གྲང་ངར་གཙེས་བའི་ལུང་པ་ཡིན་ཡང་སྐྱིད་པའི་སྣང་བ་ཡིད་ལ་འཆར།།

ཡིད་མཐུན་མཛའ་བ་གཅིག་ཏུ་སྦྲེལ་བས་སེམས་ཀྱི་དར་ཐག་ལྷོད་མ་མྱོང།།

དྲན་གདུང་ཡིད་ཀྱི་ཚོར་བ་མྱོང་དུས་དགའ་སྐྱོ་འདྲེས་མའི་སྣང་བ་འཆར།།

དགའ་དགོས་ཁྱེད་ཀྱི་རྩེ་བའི་རུམ་ནས་ལོ་ཟླ་རིང་མོ་བསྐྱེད་པ་དྲན།།

སྡུག་དགོས་ཁྱེད་དང་བྲལ་བའི་ཉིན་ནས་མི་ཚེ་དོན་མེད་སྐྱེས་དང་མཚུངས།།

དེའི་ཕྱིར་བདག་གི་དྲན་གདུང་སྐྱུར་མོ་དྲ་ཚིགས་ལམ་ནས་ཁྱེད་ལ་ཕུལ།།༢༠༡༠།༡༠།༣༠